《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཙན་ཐང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡག་པོ་གཉེར་བས་གྲོང་མིར་ཁེ་ཕན་ཆེན་པོ་ཐོབ་པ།

ལྷོ་ཁ་གྲོང་ཁྱེར་བཙན་ཐང་སྡེ་ཁུལ་གྱི“བུད་མེད་ཀྱི་ཁྱིམ་ཚང”ཞེས་པའི་སྒོ་བྱང་བཀལ་བའི་ཟ་ཁང་ཞིག་ནང་ཞབས་ཞུ་བ་ལྷག་པ་སྒྲོལ་མས་སྒྲོག་ཙེའི་སྟེང་བསྡུ་གསོག་རྒྱག་གིན་ལས་རོགས་དང་ཁ་བརྡར་གློད་བཞིན་འདུག གཤིས་ཀ་ཡག་པའི་ལྷག་པ་སྒྲོལ་མར་ཚང་མས“སྣང་བ་སྐྱིད་པོ”ཞེས་འབོད་པ་དང་ལས་ཞོར་དུ་ཚང་མས་ཁོ་མོ་དང་ཁ་བརྡར་གློད་རྒྱུར་དགའ་པོ་ཡོད།

“ཁྱིམ་གྱི་སྒོ་ཁར་ཉིན་ལྟར་ཡོང་འབབ་སྒོར་70གསོག་རྒྱུ་ཡོད་པས་དངོས་གནས་ཡག་པོ་མ་རེད་དམ”ཁོ་མོའི་ད་ལྟའི་ལས་ཀའི་སྐོར་གླེང་སྐབས་ལྷག་པ་སྒྲོལ་མས་པང་རས་ཀྱིས་ལག་པ་འཕྱིས་བཞིན་དུ“སྔོན་ཆད་ལས་ཀ་གང་ཞིག་བྱེད་དགོས་མིན་མ་ཤེས་སྟབས་འཚོ་བ་དབུལ་པོ་ཡོད། ད་ཆ་སྡེ་ཁུལ་གྱི་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་ཡག་པོ་བྱས་སྟབས་ཕྱུག་པོ་ཆགས་བྱུང”ཞེས་བཤད།

སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་སྣེ་ཁྲིད་འོག་སྡེ་ཁུལ་དུ་སྔ་རྗེས་སུ“འབྱོར་འབྲིང་ཕུགས་འདུན”གྱི་ཞིང་འཕྲུལ་གཉེར་ཚོང་མཉམ་ལས་ཁང་དང་། མཆོད་རྟེན་དཀར་པོའི་ཞིང་པའི་སྤྲོ་སྐྱིད་ཁང་། ཁང་མེ་ཆེད་ལས་གསོ་སྤེལ། གཡུ་དབྱི་ལྷ་ཁང་བྱེ་མ་ར་བ་སོགས་མཉམ་ལས་ཁང་བཙུགས་པ་རེད། “བུད་མེད་ཀྱི་ཁྱིམ་ཚང”ནི་སྡེ་ཁུལ་གྱིས་བུད་མེད་ཚོ་སྒྲིག་འཛུགས་བྱས་ཏེ་བཙུགས་པ་ཞིག་ཡིན་པ་དང་། ད་ཆ་ཡུལ་དེའི་གྲགས་ཅན་སྤུས་རྟགས་སུ་གྱུར་ཡོད།

སྐབས་རིམ་བྱུང་གི་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡི་རྒྱུན་ཆད་མེད་པའི་འབད་བརྩོན་དང་གསར་འབྱེད་གསར་གཏོད་འོག་བཙན་ཐང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་2002ལོའི་སྒོར་ཁྲི་ཁ་ཤས་ནས་2019ལོའི་སྒོར་ཁྲི་503བར་འཕར་ཡོད། ད་ཆ་བཙན་ཐང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་དེ་ཁ་ཐོར་རྣམ་པ་དང་གཞན་བརྟེན་རྣམ་པ་ནས་གཞི་ཁྱོན་རྣམ་པ་དང་རང་སྤེལ་རྣམ་པའི་འཁོར་རྒྱུག་བཟང་བའི་བགྲོད་ལམ་ཐོག་བསྐྱོད་དེ་ཕན་འབྲས་ཇེ་ཆེར་འགྲོ་བཞིན་ཡོད། མཉམ་སྡེབ་དཔལ་འབྱོར་གྱིས་མང་ཚོགས་དང་ལྷག་པར་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ལས་ཞུགས་དང་འབབ་འཕར་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཤིང་། 2017ལོ་ནས་བཟུང་བཙན་ཐང་སྡེ་ཁུལ་གྱིས་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཁྲོད་ནས་ལོ་ལྟར་5%ཉར་འཇོག་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རོགས་སྐྱོར་མ་དངུལ་ལ་སྤྱོད་ཀྱི་ཡོད་པ་རེད།

མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་ཕྱིན་ནས་སྡེ་ཁུལ་གྱི་གྲོང་མིར་ཐད་ཀར་ཕན་པ་ཐོབ་ཡོད། ད་ཆ་བཙན་ཐང་སྡེ་ཁུལ་གྱི་སྨན་བཅོས་འགན་བཅོལ་འགྲོ་གྲོན་ཚབ་འཇལ་གྱི་དངུལ་འབོར་དེ་གོང་གི་མི་རེར་ལོ་རེར་སྒོར་50ནས་2020ལོར་མི་རེར་ལོ་རེར་སྒོར་120བར་སྤར་བ་དང་ལོ་མཇུག་གི་ཁེ་སྤོགས་བགོ་ཚད་2016ལོར་མི་རེར་སྒོར་3000ནས་2019ལོར་མི་རེར་སྒོར་5000བར་སྤར་བ་རེད། དེའི་ཁྲོད“བུད་མེད་ཀྱི་ཁྱིམ་ཚང”གི་ཁེ་སྤོགས་བགོ་ཚད་དེ་2018ལོར་དུད་ཚང་རེར་སྒོར་1000ནས་2019ལོར་སྒོར་1500བར་སྤར་བ་རེད། སྡེ་ཁུལ་གྱིས་ད་དུང་ལོ་ལྟར་ལོ་60ཡན་གྱི་རྒན་རྒོན་ལ་ལོ་གསར་གོང་གི་འཚམས་འདྲིའི་དངུལ་སྒོར་500སྤྲོད་པ་དང་། ལོ་60ཡན་གྱི་ངལ་ནུས་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་རྒན་རྒོན་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར་300སྤྲོད་ཀྱི་ཡོད་པ་རེད།

ད་ཆ་བཙན་ཐང་སྡེ་ཁུལ་གྱི་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་2013ལོའི་སྒོར་11570ནས་2019ལོའི་སྒོར་24861བར་འཕར་བ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་2013ལོའི་སྒོར་1900ནས་2019ལོའི་སྒོར་21834བར་འཕར་ཞིང་། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཁུར་པོ་ཡང་གཏོང་དང་འབབ་འཕར་ལ་སྐུལ་ཁྲིད་དང་། ཁེ་སྤོགས་བགོ་བ་དང་ཐད་ཀར་འབབ་འཕར། ལས་ཞུགས་དང་འབབ་འཕར་བརྟན་པོ་ཡོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་དུ་གྱུར་པ་རེད།

ད་ཆ་ཕྱུག་པོ་ཆགས་པའི་བཙན་ཐང་སྡེ་ཁུལ་གྱིས་སླར་ཡང་སྣེ་གདོང་ཆུས་ཡར་སྟོད་ཤང་ཆོས་སྡེ་གོང་གྲོང་ཚོར་གཅིག་གཏད་གཅིག་གིས་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རོགས་བྱས་ཏེ་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་རེད། ལོ་ཤས་རིང་བཙན་ཐང་སྡེ་ཁུལ་གྱིས་ཆོས་སྡེ་གོང་གྲོང་ཚོར་རོགས་སྐྱོར་མ་དངུལ་སྒོར་ཁྲི་50ལྷག་ཙམ་དོན་འཁྱོལ་བྱས་ཤིང། འདི་ལོའི་ལོ་འགོར་ཆོས་སྡེ་གོང་དུ་མ་དངུལ་སྒོར་ཁྲི་8ལྷག་ཙམ་བཏང་བའི“བུད་མེད་ཀྱི་ཁྱིམ་ཚང”གི་ཡན་ལག་ཁང་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)