《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月27日

ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་24ཉིན་གནས་ཚུལ་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི(རྒྱ་ཆེ)ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུ་དང་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་གོ་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། རང་ལྗོངས་ཀྱི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག རང་ལྗོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་གསན་ནས་འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་བཅས་བྱས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་གང་ལེགས་མཚོན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་པ་དང་། འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་དང་ས་ཡོམ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་བྱེད་པ། སྔོན་དཔག་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལས་དོན་ནན་ཏན་ངང་བསྒྲུབ་པ། ལས་དོན་ཁག་གཏིང་ཟབ་དང་ཞིབ་ཚགས་ངང་བསྒྲུབས་པ་བཅས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། སེམས་ཐག་གཙང་བཅད་ཀྱིས་སྒྲིག་སྦྱོར་རྣམ་པའི་སྡོད་ཁང་གི་ཡོམ་འགོག་གེགས་སེལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གི་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་འཐབ་ས་དང་པོར་བསྐྱོད་དེ་གནས་ཚུལ་ཤེས་རྟོགས་བྱེད་པ་དང་གེགས་འགོག་དང་གནོད་འཚེ་ཉུང་གཏོང་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་དོན་ལ་མཛུབ་ཁྲིད་བྱེད་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། འགྲོ་ལམ་འགྲིམ་འགྲུལ། སློབ་གྲྭའི་བདེ་འཇགས་བཅས་ལ་ཤུགས་སྣོན་རྒྱག་པ་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) བདེ་འཇགས་ཤེས་བྱའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་ཉེན་གཡོལ་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འབྲུབ་འགོག་ཡོམ་འགོག་བྱ་རྒྱུ་དེ་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་ཏན་ཏིག་བྱེད་དགོས་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་བྱས་ཤིང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་མཁས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྲིད་གཞུང་གི་མངོན་ཡོད་དང་ཁྲོམ་རའི་མངོན་མེད་བྱེད་ཐབས་ཟུང་འབྲེལ་བྱས་ནས་ལག་གདང་དཔུང་སྦྲེལ་དང་མཉམ་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ཏེ། “བརྟན་པོ་དྲུག”གི་ལས་དོན་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་ཏན་ཏིག་བྱེད་དགོས། བསམ་བློར་སྔར་བས་བཅིངས་འགྲོལ་དང་། འདུ་ཤེས་གསར་བརྗེས། རྒྱལ་ཁབ་ཀྱིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ། རྩ་ཆག་དང་ཆག་ཡང་གཏོང་དགོས་རིགས་ཚང་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། དེ་བས་ལེགས་པའི་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་བྱས་ནས་བཟོ་བ། “འདུ་འགོད་ཆེན་པོ་བརྒྱད”ལག་བསྟར་ཤུགས་ཆེན་བྱེད་པ། ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་ལེགས་སྒྲིག་བཅས་བྱས་ཏེ་ཁྲོམ་རའི་བྱེད་པོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། ཚོང་གཉེར་ལ་བརྩི་འཇོག་དང་། ཚོང་གཉེར་ལ་གཙིགས་ཆེན། ཚོང་གཉེར་ལ་བརྩེ་བ། ཚོང་གཉེར་བདེ་འཇགས་བཅས་ཡོང་བ་བྱས་ཏེ་སྲིད་ཚོང་དབར་ཉེ་གཙང་གི་འབྲེལ་བ་འཛུགས་དགོས་ཞེས་ནན་བཤད་བྱས་པ་རེད།

ཚོགས་འདུའི་ཐོག་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ནན་ཏན་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དང་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་མཁན་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “མི་གང་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། གསོ་སྐྱོང་སུའི་ཆེད་དུ་བྱེད་པ”བཅས་ཀྱི་རྩ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། གུང་ཁྲན་རིང་ལུགས་ཀྱི་ཚད་དང་མཐུན་པའི་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། གོ་བདེ་ཤེས་སླའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་བསླབ་གཞི་ཁག་གཅིག་རྩོམ་བཟོ་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ལོ་ཆུང་བྱིས་པ་རྣམས་ལ་ཆུང་དུས་ནས་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སྐྱེད་སྲིང་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ། བོད་ནི་གནའ་སྔ་མོ་ནས་བཟུང་མེས་རྒྱལ་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཟབ་ཏུ་གཏོང་བ། ཀྲུང་ཧྭའི་རིག་གནས་ནི་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་སེམས་ཀྱི་བརྟེན་ས་དང་། སེམས་ཁམས་ཀྱི་ཞིང་ས། བསམ་པའི་ཁྱིམ་གཞིས་བཅས་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་མི་ཞིག་ཡིན་པའི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་ཚོའི་སྤོབས་སེམས་དང་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ལོ་ཆུང་བྱིས་པ་ཚོས་ཆུང་དུས་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་ནས་དཀའ་སྤྱད་འབད་འཐབ་དང་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་དགོས། སློབ་གྲྭའི་རིག་གནས་དང་ལུས་རྩལ་གྱི་སྒྲིག་བཀོད་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དབྱར་དགུན་གུང་གསེང་རིང“ལག་ཆུང་དང་ལག་ཆེན་ལག་གདང་སྦྲེལ་བའི”བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ལོ་ཆུང་བྱིས་པའི་ཤུགས་རྐྱེན་བརྒྱུད་ནང་མིས་བདེ་ཐང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྤྱི་འདོམས་བྱས་ཏེ་གཞི་རིམ་གྱི་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག་ལོ་སྟོད་དུ་རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ཤིང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་ཆོད་སེམས་བརྟན་དུ་བཏང་ནས་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་དར་སྤེལ་བཅས་བྱེད་པ་དང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་བསྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་པོའི་སྔོན་གཏན་འཁེལ་བའི་དམིགས་ཚད་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱ་རྒྱུ་འགན་ལེན་བྱེད་དགོས། རིམས་ནད་ཕྱི་ནས་མ་འགོས་པ་མཐའ་འཁྱོངས་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱི་ནས་རིམས་ནད་འགོ་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་དང་སྦྲེལ་མཐུད་ཡག་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དང་སྤུས་ཚད་འགན་ལེན་བྱེད་དགོས། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབས་ནས་ཞིང་འབྲོག་ཐོན་ལས་ཀྱི་འཁོར་སྦྲེལ་དང་ཟུར་སྣོན་རིན་ཐང་མང་དུ་བཏང་ནས་ཞིང་འབྲོག་ལས་ཀྱི་སྤུས་ཚད་དང་ཕན་འབྲས་འཕར་བའི་འགན་ལེན་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་སྟེ་ནས་ཐོན་འཕར་དང་འབྲི་གཡག་བཤས་གཏོང་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། འཛུགས་སྐྲུན་གྱི་རྒྱུ་ཆ་དང་། འཐུང་ཆུ། ཀོ་བལ་སོགས་ས་གནས་ཀྱི་མ་བཅོས་རྒྱུ་ཆའི་འབྲེལ་ཡོད་ཐོན་ལས་ལ་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་སྐོར་སྒྲིག་བཀོད་བསྐྲུན་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་སྐོར་གྱི་ཡིད་དབང་འགུག་ཤུགས་དང་ཁྱབ་འགྱེད་ནུས་པ། སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ལྗོངས་ནང་ཁུལ་གྱི་འཛད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་ཐོན་ལས་ཀྱི་ཁྱབ་ཚུལ་བཟང་སྒྲིག་བྱེད་པ། ཐོན་ལས་ལ་ཕྱིར་མིག་ལྟ་བའི་ལས་དོན་སྤེལ་བ་བཅས་བྱས་ཏེ། ཐོན་ལས་ངོ་བོ་གཅིག་མཚུངས་ཅན་གྱི་སྣང་ཚུལ་འགོག་དགོས། ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཀའ་ངལ་སེལ་བའི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་དགོས། རྣམ་གྲངས་གལ་ཆེན་བསྐྲུན་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཁྲོན་བོད་ལྕགས་ལམ་དང་དམངས་འཚོའི་འདུ་འགོད་ཆེན་པོ་གསུམ་སོགས་རྣམ་གྲངས་གལ་ཆེན་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། རྣམ་གྲངས་སྔ་ཙམ་བསྐྲུན་པ་དང་སྔ་ཙམ་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་བཏང་སྟེ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་ས་གནས་ཀྱི་སྦྲེལ་མཐུད་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས། མཐའ་མཚམས་ས་ཁུལ་བསྐྲུན་མགྱོགས་སུ་གཏོང་བ་དང་མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ་རྒྱུན་འཁྱོངས་བྱེད་པ་དང་། དམངས་འཚོའི་སྲིད་ཇུས་ཁག་དྲིལ་བསྒྲགས་བྱེད་རྒྱུར་ཤུགས་སྣོན་རྒྱག་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཁག་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་ཞུགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།