《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月25日

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་མཛུབ་སྟོན་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་4དང་སྐར་མ་07གྱི་ཐོག་ཉི་མ་རྫོང་རོང་དམར་ཤང་གི་ས་ཁོངས་ནང་ས་ཡོམ་རིམ་པ་6.6བརྒྱབ་པ་དང་། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ་33.19དང་ཤར་གྱི་གཞུང་ཐིག་ཏུའུ་86.81མཚམས་སུ་ཡིན་པ་དང་ཉི་མ་རྫོང་གི་རྫོང་གྲོང་དང་བར་ཐག་སྤྱི་ལེ་162ཡོད་པ་དང་མཚོ་གཉིས་རྫོང་གི་རྫོང་གྲོང་དང་བར་ཐག་སྤྱི་ལེ་189ཡོད། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི་10ཡོད་པ་དང་དེ་རྗེས་ས་ཁོངས་དེར་ཡོམ་འཕྲོ་ཐེངས་མང་བརྒྱབ་ཡོད། མིག་སྔར་ས་ཡོམ་གྱི་གནོད་འཚེའི་གྲལ་བཤེར་ལས་དོན་མཇུག་འགྲིལ་བ་དང་མི་སྣ་ཤི་རྨས་བྱུང་མེད་པ་རེད།

ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་འཕྲལ་མར་མཛུབ་སྟོན་གནང་བ་མ་ཟད་བླང་བྱ་ཡང་ཁ་གསལ་བཏོན་གནང་ཡོད། ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཐོག་ཏུ་འཕྲལ་སྡོམ་བརྡ་ལན་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རྫོང་། ཤང་། གྲོང་ཚོ་བཅས་ཀྱི་ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་ནས་གུར་བརྒྱབ་སྟེ་གེགས་ཁུལ་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཟའ་བཏུང་དང་། ཉལ་ཆས། གྱོན་གོས་སོགས་ཀྱི་གཞི་རྩའི་འཚོ་བའི་སྤྱོད་ཆས་ཐག་གཅོད་འོས་འཚམ་བྱས་པ་དང་འབྲེལ། ཉེ་འགྲམ་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་གེགས་འགོག་གེགས་སེལ་གྱི་སློབ་གསོའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡོམ་ལྟེ་དེ་མི་མང་པོ་མེད་པའི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་པ་དང་ཟླ་7ཚེས་23ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་བར་གནོད་འཚེའི་གནས་ཚུལ་གྲལ་བཤེར་བྱེད་པའི་ལས་དོན་མཇུག་འགྲིལ་བ་དང་། དེའི་ནང་མཚོ་གཉིས་རྫོང་དུ་གནོད་འཚེ་ཐོན་མེད་པ་དང་ཉི་མ་རྫོང་གི་ས་ཡོམ་རྒྱག་ཁུལ་དུ་དུད་ཚང་74ཡི་མི་211འཚོ་བ་སྐྱེལ་བཞིན་ཡོད། དུད་ཚང་19ཡི་མི་82ལ་གནོད་འཚེ་ཕོག་ཀྱང་མི་སྣ་ཤི་རྨས་བྱུང་མེད། ཉི་མ་རྫོང་གིས་གྲལ་བཤེར་བྱས་པ་བརྒྱུད་སོ་ཕག་གི་ཁང་མིག་22བརྡིབས་ཡོད་པ་དེ(ཁང་མིག་6ནང་མི་སྡོད་མཁན་མེད)དུད་ཚང་11གི་མི་36དང་འབྲེལ་བ་ཡོད་པ་དང་། སོ་ཕག་ཁང་མིག་14ལ་གཏོར་སྐྱོན་ཆུང་ཙམ་ཕོག་ཡོད་པ་དང་དེ་དུད་ཚང་8ཀྱི་མི་46དང་འབྲེལ་བ་ཡོད་པ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས་1གི་ཁང་མིག་1ལ་སེར་ཁ་ཆུང་ཙམ་གས་ཡོད།