《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月25日

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་23ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་21ཉིན་གྱི་ཕྱི་དྲོ་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བར་རང་ལྗོངས་ཀྱི་ཁེ་ལས་མཁས་ཅན་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཡིད་ཆེས་འཕེལ་བ་དང་དཀའ་ངལ་སྔོན་བསུས་ཀྱིས་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། སྟོབས་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་འགན་འཁྲི་འབད་བརྩོན་ཆེན་པོས་ཕྲག་སྟེང་དུ་ཁུར་བ་བཅས་བྱས་ནས་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ཕོག་པའི་གྱོང་གུན་ཧུར་ཐག་གསབ་ཏེ་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཐད་གྲུབ་འབྲས་བཟང་པོ་ཐོབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

བོད་ལྗོངས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཚོགས་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་བཙུགས་པའི་ཡུལ་དེའི་གཞུང་ཁོངས་ཆ་འཕྲིན་ཅན་གྱི་སྣེ་འདྲེན་ཁེ་ལས་ཤིག་ཡིན་པ་དང་ཀུང་སིའི་སྤྱི་ཁྱབ་ཅིང་ལི་མཱ་པིན་གྱིས་གསར་འགོད་པར“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ང་རང་ལ་ངར་སེམས་ཚད་མེད་འཕེལ་བྱུང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་འདི་ལོ་ཚུན་ཁྲོམ་རའི་བྱེད་པོ་མང་པོར་སྔར་བྱུང་མ་མྱོང་བའི་གནོན་ཤུགས་འཕྲད་པའི་འགག་རྩའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅིས་གསུང་བཤད་གལ་ཆེན་གནང་བ་དེས་མི་ཚོར་ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་བློ་སྒོ་ཕྱེ་སྟེ་ངེད་ཚོའི་ཁ་ཕྱོགས་སྔར་བས་གསལ་དུ་དང་ཡིད་ཆེས་བརྟན་དུ་ཕྱིན་སོང་། ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཚོགས་པས་ཡུལ་དེའི་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁེ་ལས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་ལས་སྒྲོལ་རྒྱུར་སྐུལ་ཁྲིད་བྱས་ཐོག་ལྗོངས་ནང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་པོ་ཆགས་རྒྱུར་རམ་འདེགས་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

མ་པིན་གྱིས་སྤྱི་ཁྱབ་ཧྲུའུ་ཅིས་ཁེ་ལས་མཁས་ཅན་ལ་བཅོལ་གནང་བའི་རེ་སྒུག་ཟབ་མོ་ཆུད་ཟོས་སུ་གཏན་ནས་མ་གཏོང་བར་རང་འགུལ་ངང་རྒྱལ་ཁབ་ཀྱི་འགན་འཁྲི་ཁུར་བ་དང་། རྒྱལ་ཁབ་ཀྱི་སེམས་ཁྲལ་བསལ་ནས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་དོ་དམ་དང་། ལག་རྩལ། ཚོང་གཉེར་བྱེད་སྟངས་བཅས་ཐད་གསར་གཏོད་ཡར་བརྩོན་བྱས་ནས་སྣེ་ཁྲིད་དེ་ཁ་དན་ཚིག་གནས་དང་ཁྲིམས་སྲུང་བ་དང་དཔུང་ཁག་གི་སྣེ་ཁྲིད་ནས་ཀའོ་ཁྲི་ཚན་རྩལ་ཆ་འཕྲིན་ཚོགས་པའི་ཡིད་རྟོན་དཔལ་འབྱོར་བཏོད་དེ་སྤྱི་ཚོགས་ཀྱི་འགན་འཁྲི་རྒྱུན་སྲིང་ངང་ཁུར་རྒྱུ་ཡིན་ཞེས་བཤད།

བོད་ལྗོངས་མིང་ཧྲི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་སྤུས་རྟགས“ཉིང་ཁུ·ཧི་མ་ལ་ཡའི་ཕྱག་རྟགས”ཞེས་པ་དེ་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དང་བོད་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་རྒྱུན་ལས་ལས་འཛིན་ཚན་པ་ཞིག་ཡིན་ཞིང་། དེའི་ཁོངས་གཏོགས་ཀྱི་ཡན་ལག་ཀུང་སི་མང་པོས་དུས་ཡུན་རིང་པོའི་ནང་དེང་དུས་བོད་ཀྱི་རིག་གནས་བསམ་བཀོད་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་གྲོང་ཁྱེར་གཙོ་བོར་ཁྱབ་གདལ་དང་ཁྱབ་སྤེལ་གཏོང་བཞིན་ཡོད། བོད་ཀྱི་རིག་གནས་ཡུལ་སྐོར་སྤུས་རྟགས“ཉིང་ཁུའི”མཉམ་འབྲེལ་སྲོལ་གཏོད་པ་བོད་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་ལས་འཛིན་ཀྲང་ཅུན་ཡན་གྱིས་གསར་འགོད་པར། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་འཐབ་ཇུས་ཀྱི་གྲུབ་འབྲས་འགངས་ཆེན་ཐོབ་པ་དང་དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་པོའི་ངང་ལེགས་སུ་འགྲོ་བའི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཚོགས་འདུ་གལ་ཆེན་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་ཀྱི་ཁེ་ལས་གཉེར་སྐྱོང་བ་དང་ཁྲོམ་རའི་བྱེད་པོའི་སེམས་རྣལ་ལ་ཕབ་བཅུག་པ་དང་། ལེ་དབར་སྟོང་གི་སར་ཡོད་པའི་གངས་ལྗོངས་ས་མཐོར་ཡང་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་ང་ཚོའི་རྒྱལ་གཅེས་སྤྲོ་སེམས་འཕེལ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ཐོག་སྟོབས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་ཁེ་ལས་བྱ་གཞག་ཡག་པོ་བསྒྲུབ་རྒྱུར་སྐུལ་མ་ཐེབས་བྱུང་ཞེས་བཤད།

ཡུལ་སྐོར་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་ཀ་རྟེན་ཐོན་ལས་ཡིན་ཞིང་། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ནས་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ལས་ལའང་ཚད་གཞི་ངེས་ཅན་གྱི་རྡབ་རྡེག་ཕོག་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་གཉེར་སྐྱོང་བར་སྐུལ་མ་ཆེན་པོ་ཐེབས་ཡོད། བོད་ལྗོངས་ཧོན་ཆིའུ་ཡུལ་སྐོར་ལས་དོན་ཁང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཚེ་རིང་གིས་གསར་འགོད་པར“ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་མཐུན་སྒྲིལ་མཉམ་ལས་དང་། འགག་སྒྲོལ་དཀའ་སེལ། འབད་འབུངས་ཆེན་པོས་རང་སྐྱོབ་བཅས་བྱས་ཏེ་རང་གཤིས་ཅན་དང་། ཁྱད་ལྡན་ཅན། རྩེར་སོན་སྔོན་མངགས་བཅས་ཀྱི་ཡུལ་སྐོར་ཐོན་རྫས་ཁྱབ་གདལ་ཧུར་ཐག་བཏང་ནས་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་བ་དང་བོད་དུ་ཡུལ་སྐོར་དུ་ཡོང་མཁན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་བཏང་ཐོག་འཛམ་གླིང་ལ་བོད་ཀྱི་གདོད་མའི་སྣོད་བཅུད་ཀྱི་ཉམས་འགྱུར་མཉམ་སྤྱོད་བྱ་རྒྱུ་ཡིན”ཞེས་བཤད་པ་རེད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)