《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月24日

ལྷོ་ཁ་གྲོང་ཁྱེར་གྱིས།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལྷོ་ཁ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་སྤུས་ཚད་མཐོ་ཞིང་ལེགས་པའི་སྒོ་ནས་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དམིགས་ཚད་ལས་འགན་འགྲུབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གཡས་གཞོགས་གཡོན་འདེགས་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ་གནས་བབ་གལ་ཆེན་ཐོག་བཞག་ནས་མཐའ་འཁྱོངས་བྱས་ཤིང་། མཐོ་སློབ་སློབ་ཐོན་སློབ་མ་སློབ་གྲྭ་ནས་མ་ཐོན་གོང་གི་འགག་རྩའི་དུས་ལ་དམ་འཛིན་ནན་པོ་བྱས་ཏེ“ཉིན་བརྒྱར་གདོང་མཆོང”གི་བྱ་སྤྱོད་དོན་འཁྱོལ་ནན་ཏན་གྱིས་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ལེགས་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཀྱི་རྨང་གཞི་བརྟན་གཏོང་དང་ལས་ཞུགས་ལས་གནས་དེ་བས་མང་བ་བཏོད་ནས་མཐོ་སློབ་སློབ་ཐོན་སློབ་མ་ཚོར་གདམ་ཀ་མང་པོ་ཡོད་པར་བྱས་པ། ཁྲོམ་རར་ལས་ཞུགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲོམ་རའི་དགོས་མཁོ་ཕྱོགས་སྟོན་དུ་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་ཀྲུང་དབྱང་ཁེ་ལས་དང་། དམངས་གཉེར་ཁེ་ལས། ཐོན་ལས་བཅས་སུ་གཅིག་སྡུད་བྱེད་པར་ཁྲིད་སྟོན་བྱས་པ། ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས་སུ་ལས་ཞུགས་ཀྱི་ལམ་བུ་དང་། དམངས་གཉེར་ཁེ་ལས་སུ་ལས་ཞུགས་ཀྱི་ལམ་བུ། ཐོན་ལས་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་ཀྱི་ལམ་བུ་བཅས་ཡངས་སུ་བཏང་བ། ནུས་པས་ལྕོགས་ཚོད་ཀྱིས་ལས་ཞུགས་ཁོར་ཡུག་ཡག་པོ་བཏོད་དེ“ལས་བྱེད་པ་སྟོང་ཕྲག་གིས་མཐོ་སློབ་སློབ་ཐོན་སློབ་མ་སྟོང་ཕྲག་ལ་འབྲེལ་གཏུག་བྱེད་པའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ནས“གཅིག་གཏད་གཅིག་དང་གཅིག་གཏད་མང་པོའི”ལས་རིགས་ཀྱི་མཛུབ་སྟོན་དང་ཆ་སྒྲིག་རོགས་སྐྱོར་ལག་ལེན་བསྟར་བ། མཐོ་སློབ་སློབ་ཐོན་སློབ་མར་མི་སྤྱོད་ཆ་འཕྲིན་གནད་སྨིན་ངང་འོས་སྦྱོར་བྱས་ཏེ་མི་དང་ལས་གནས་སྦྲེལ་མཐུད་དང་མི་དང་ལས་གནས་ཕན་ཚུན་འཚམ་པོ་ཡོང་རྒྱུར་སྐུལ་འདེད་བཏང་བ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་འདུ་ཤེས་བསྒྱུར་རྒྱུ་གཙོ་གནད་ལས་འགན་དུ་བརྩིས་ནས་དམ་འཛིན་བྱས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་དེའི་ཁྱིམ་ཚང་ལ་ལས་ཞུགས་ལྟ་བ་དང་ལས་འདེམས་ལྟ་བ་ཡང་དག་འཛུགས་རྒྱུའི་སློབ་གསོ་བརྒྱབ་པ་དང་ཁྲིད་སྟོན་བྱས་པ། ལས་ཞུགས་ཁ་ཕྱོགས་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུར་སྣང་ཆེན་བྱེད་པ། དཔེ་མཚོན་ཅན་གྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ། བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཟླ་ཕྱེད་རེར་བཀོད་གཏོང་རེ་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ། དུས་བཀག་བཞིན་དུས་མཚམས་རང་བཞིན་གྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱེད་པ་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་བཀོད་གཏོང་ལ་བརྟེན་ཏེ་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ། ལས་ཞུགས་དུས་བབ་ཀྱི་འགྱུར་ལྡོག་གསར་པར་དམ་པོར་དམིགས་ཏེ་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ལས་དོན་ཞིབ་ཚགས་དང་ཏན་ཏིག་ཡོང་བའི་འགན་ལེན་བྱས་པ་བཅས་རེད།

(སྐལ་མཆོག་གིས་བསྒྱུར། བསོད་བདེ་རྒན་པས་ཞུས)