《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月24日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱས་པ། བདེ་འཇགས་ཐོན་སྐྱེད་དང་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་22ཉིན་གནས་ཚུལ་འབྱོར་གསལ། ཚེས་21ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་བྱས་པ། བདེ་འཇགས་ཐོན་སྐྱེད་དང་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་སོགས་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་ཁྱོན་ཡོངས་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་ཞིག་རྒྱུན་འཁྱོངས་བྱུང་བ་ནི་ལས་སླ་པོ་ཞིག་གཏན་ནས་མིན། གོམ་སྟབས་རྗེས་མར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་བཏོན་པའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པ། ལྷག་པར་དུ་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་དང་། ཐོན་ལས་སྐྱེད་སྲིང། ལས་ཞུགས་བརྟན་གཏོང་། ཚོང་འགུགས་མ་འདྲེན་སོགས་ཀྱི་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཡག་པོ་བཅས་བྱེད་པ། ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ལེགས་པར་སྒྲུབ་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་པ་རེད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། རིམ་པ་ཁག་དང་སྡེ་ཚན་ཁག་ལ་བདེ་འཇགས་ཐོན་སྐྱེད་དེ་གནས་བབ་གལ་ཆེན་དུ་འཇོག་པ་དང་། བདེ་འཇགས་དང་ཉེན་ཁ་དོགས་ཟོན་ཐད་ཐོག་མཐར་བར་གསུམ་དུ་རིག་པ་ལྕག་སྐུད་བཞིན་སྒྲིམ་པ། འགྲོ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གྲོང་ཁྱེར་འཛུགས་སྐྲུན་དང་འཛུགས་སྐྲུན་ལས་གྲྭ རྡོ་སོལ་མིན་པའི་གཏེར་ཁ། ཉེན་ཆེའི་རྫས་འགྱུར་དངོས་རྫས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག སློབ་གྲྭའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་པ། སྐུལ་སློང་བཀོད་སྒྲིག་དང་། གྲལ་བཤེར་བཅོས་སྒྲིག གཅིག་སྡུད་འགག་སྒྲོལ། སྲ་བརྟན་མཐོར་གཏོང་བཅས་དུས་རིམ་བཞིའི་བཀོད་སྒྲིག་གཞིར་བཟུང་། བདེ་འཇགས་ཐོན་སྐྱེད་དང་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འགན་འཁྲི་དམ་ནན་དུ་གཏོང་དགོས་ཤིང་། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་། “ངེས་པར་དུ་གསུམ” “སུས་དོ་དམ་བྱས་ན་དེས་འགན་འཁུར་དགོས་པ”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ལས་དོན་སྔར་བས་ཏན་ཏིག་བསྒྲུབས་ནས་ལྗོངས་ཡོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་བདེ་འཇགས་ཐོན་སྐྱེད་ཀྱི་ཁོར་ཡུག་བརྟན་པོ་ཞིག་སྐྲུན་དགོས་ཞེས་བསྟན་པ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷན་དོན་དུ་དམག་ཞབས་འཐིམ་པའི་དམག་མིའི་ལས་དོན་ཐིང་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། མཉམ་ཤུགས་ཆགས་པར་བྱེད་པ། ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དམག་ཞབས་འཐིམ་པའི་དམག་མིའི་ལས་ཀ་བཀོད་སྒྲིག་སོགས་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་དུས་རབས་གསར་པའི་དམག་ཞབས་འཐིམ་པའི་དམག་མིའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས་ཞེས་བསྟན་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསོད་ནམས་བདེ་སྐྱིད་ཆུང་བས་ཞུས)