《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

ནོར་བུ་དོན་གྲུབ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ཁག་དང་པོའི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་གྱི་ཞིབ་བཤེར་ལ་ཞུཌ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་21ཉིན་གནས་ཚུལ་འབྱོར་གསལ། ཟླ་7ཚེས་20ཉིན་ནི་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ཁག་དང་པོའི་ས་གནས་ས་ཐོག་གི་ཐོ་འགོད་དུས་མཚམས་འགོ་ཚུགས་པའི་ཉིན་མོ་རེད། དེ་ཉིན་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཡོངས་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ནོར་བུ་དོན་གྲུབ་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་བྱ་ཡུལ་གྱི་ཐོ་འགོད་བརྙན་ལམ་སྦྲེལ་མཐུད་ཚོགས་འདུར་ཞུགས་པ་དང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་བསམ་གྲུབ་གླིང་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་བྱ་ཡུལ་གྱི་ཐོ་འགོད་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་གནང་བ་དང་ཡོངས་བཤེར་གྱི་འཐབ་ས་དང་པོའི་ལས་དོན་མི་སྣར་འཚམས་འདྲི་གནང་བ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་འགན་འཁུར་བས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཡོངས་བཤེར་གྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་པ་རེད།

ནོར་བུ་དོན་གྲུབ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་དུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་། གསལ་བཤད་གཱར་གཟིགས་ཞིབ། སྤེལ་རེས་འདྲི་རྩད་བཅས་གནང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་དང་དེ་བཞིན“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ནོར་བུ་དོན་གྲུབ་ཀྱིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་སྐབས། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤུས་ཚད་ལེགས་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པ་ཞིག ངེས་པར་དུ་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་བཅས་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དོན་འཁྱོལ་ལ་དམ་འཛིན་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཚོགས་ཆུང་གི་སྣེ་ཁྲིད་དང་སྤྱི་ཡོངས་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། འགན་འཁྲི་ནན་དུ་གཏོང་བ་དང་། བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མཛུབ་ཁྲིད་ཞིབ་ཚགས་བྱེད་པ་བཅས་ཡོངས་བཤེར་ལས་དོན་གཞན་དག་དང་སྤྱི་འདོམས་མཐུན་སྦྱོར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་མང་ཚོགས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་ལ་ཁྲིད་སྟོན་བྱེད་དགོས། གྲངས་གཞིའི་སྤུས་ཚད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་གྲངས་གཞིའི་སྤུས་ཚད་ཚོད་འཛིན་གྱི་འགན་འཁྲིའི་ལམ་ལུགས་བཟོ་བ་དང་རིམ་པ་བཞིན་ཞིབ་བཤེར་དང་། འགག་གནད་ལ་དམ་འཛིན། ཞིབ་བཤེར་རྩིས་ལེན་བཅས་བྱས་པ་བརྒྱུད་ཡོངས་བཤེར་གྱི་བརྒྱུད་རིམ་བློས་འགེལ་ཆོག་པ་དང་། མཇུག་འབྲས་འདེད་ཐུབ་པ། གྲངས་གཞི་ངོ་མ་ཡིན་པ་བཅས་ཀྱི་འགན་ལེན་བྱེད་དགོས། མིག་སྔའི་འབྲུབ་ཆུ་རྒྱས་ཚབས་ཆེ་བ་ལས་རི་ཉིལ་བ་དང་། ཆུ་རུད་ཐོན་པ། འགྲོ་ལམ་ཆད་པ་སོགས་ཀྱི་གནས་ཚུལ་ཐོན་པར་དོ་སྣང་ཆེན་པོ་བྱས་ནས་ཡོངས་བཤེར་ལས་དོན་མི་སྣའི་མི་ལུས་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་ཡོད།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)