《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

ཁྲོན་པ་གཅིག་གི་ཆུ་བཏུངས་ནས། ཁྱིམ་ཚང་གཅིག་ལྟར་འཚོ་བར་རོལ།

——— གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ལས་ལྷ་སའི་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་གྲགས།

“ཁྲོན་པ་གཅིག་ནས་ཆུ་འཐུང་བ་དང་། ཁྱིམ་ཚང་གཅིག་ལྟར་གནས་པ་དེ་ནི་སྒོ་ར་ཆེན་པོ་དེས་སྐྱེ་བོ་རྣམས་ལ་བཞག་པའི་གཏམ་རྒྱུད་སྙན་ཤོས་ཤིག་རེད། བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ་ལས་འབྱུང་འགྱུར་ལྷ་སའི་འཕོ་འགྱུར་རེ་རེ་མཚོན་པར་བྱས་ནས་ང་ཚོའི་ཕ་ཚ་བུ་རྒྱུད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་དཔང་པོ་བྱེད་ངེས་རེད”ཅེས་པའི་འཁྲབ་སྟོན་པའི་འཁྲབ་ཚིག་དེས་མི་རྣམས་ཀྱི་སེམས་ལ་བག་ཆགས་ཟབ་མོ་བཞག

ཟླ་7ཚེས་20ཉིན་གྱི་དགོང་མོར་བོད་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གསར་རྩོམ་བྱས་པའི་གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ཞེས་པ་མཇུག་འགྲིལ་བ་དེ་ནི་གཏམ་བརྗོད་ཟློས་གར་དེ་ལྷ་སར་དངོས་སུ་འཁྲབ་སྟོན་བྱས་ཚུན་གྱི་འཁྲབ་ཐེངས་དྲུག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ཞེས་པ་ནི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2017ལོ་འཁོར་གྱི་གར་སྟེགས་སྒྱུ་རྩལ་གསར་རྩོམ་གྱི་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་པ་མ་ཟད། 2019ལོ་འཁོར་གྱི་རྒྱལ་ཁབ་གར་སྟེགས་སྒྱུ་རྩལ་རྩེར་སོན་གསར་རྩོམ་རོགས་སྐྱོར་འདུ་འགོད་ཀྱིས་གཙོ་གནད་དུ་རྒྱབ་སྐྱོར་བྱས་པའི་འཁྲབ་གཞུང་ཞིག་ཀྱང་རེད། ཀྲུང་གོ་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གི་འཁྲབ་ཁྲིད་ཝུའུ་ཤུས་པ་ཆེད་མངགས་འཁྲབ་གཞུང་དག་བཅོས་ལ་གདན་དྲངས་རྗེས། འདི་ལོའི་ཟླ་ལྔ་པར་འཁྲབ་གཞུང་དེར་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བདུན་པའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི“གཅིག་རེ་ལྔའི་འདུ་འགོད”ཀྱི་བརྩམས་ཆོས་ཕུལ་བྱུང་གི་བྱ་དགའ་ཐོབ།

འཁྲབ་ཁྲིད་པ་ཉི་མ་གཡུ་སྒྲོན་གྱིས། དུས་ཡུན་ལོ་གཉིས་ལྷག་ཙམ་དག་བཅོས་བྱས་རྗེས《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ཟླ་7ཚེས་10ཉིན་གྱི་དགོང་མོ་ལྟད་མོ་བར་ཐོག་མར་བསྟན། མིག་སྔར་ཟློས་གར་དེ་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་དང་། སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་ཉེན་རྟོག་པ། ཏང་གི་སློབ་གྲྭའི་དགེ་སློབ་བཅས་ལ་གཟིགས་འབུལ་འཁྲབ་སྟོན་ཐེངས་6བྱས་ཟིན་ཞེས་ངོ་སྤྲོད་བྱས།

ཉི་མ་གཡུ་སྒྲོན་གྱིས“ཁོ་མོས་བརྗེད་དཀའ་ཤོས་ནི་ཀྲུང་གོའི་བྱིས་པའི་སྒྱུ་རྩལ་ཟློས་གར་ཁང་གི་འཁྲབ་ཁྲིད་པ་ཝུའུ་ཤུས་དང་མཉམ་དུ་གསར་རྩོམ་དང་ནང་སྦྱོང་བྱེད་པའི་དུས་ཚོད་དེ་དག་ཡིན། ཚང་མས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་ཟློ་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མར》ངོ་བོའི་འགྱུར་ལྡོག་བྱུང་ནས་གཏམ་རྒྱུད་ཀྱི་བརྗོད་དོན་འབུར་དུ་ཐོན་པ་དང་། བྱུང་རིམ་འཕོ་འགྱུར་ཆེ་བ། རོལ་དབྱངས་ཞབས་བྲོ་གནད་ལ་འཁེལ་བ། མི་སྣ་གསོན་ཉམས་དོད་པ་བཅས་བྱུང་ཡོད”ཅེས་བཤད།

“གངས་འདི་དེ་འདྲའི་མཛེས་པ་ལ་ཨང་། བརྩེ་བ་ལས་བྱུང་བའི་འཁོན་གྲས་དེ་བརྩེ་བར་བརྟེན་ནས་ཞི་བར་གྱུར་ཅིག”ཅེས་མི་རྣམས་ཡིད་སྐྱོ་དགོས་པའི་སྐད་ཆ་དུམ་བུ་འདི་ནི་གངས་ཆེན་ཁྲོད་ཀྱི་ཨ་མ་རྒུན་འབྲུམ་འཆི་ཁར་རང་ཉིད་ཀྱི་བསམ་དོན་གྲུབ་སྟེ་བློ་བདེ་པོའི་ངང་མི་ཡུལ་ནས་ཁ་བྲལ་བའི་སྐོར་བརྗོད་པ་དེ་རེད། འཁྲབ་སྟོན་པ་ཟླ་ཕན་གྱིས་སྔོན་མའི་འཁྲབ་གཞུང་དང་བསྡུར་ན་ད་རེས་འཁྲབ་པའི་ཨ་མའི་མི་སྣའི་གཟུགས་བརྙན་དེ་སྔར་བས་ཡག་པོ་བྱུང་སོང་ཞེས་གསར་འགོད་པར་བཤད་བྱུང་། ཁོང་གིས“ཨ་མ་རྒུན་འབྲུམ་གཞུང་དྲང་ལ་བྱམས་སེམས་ཆེ་བ་ཞིག་ཡོད། ཁོང་གིས་གསོས་ཕྲུག་བུ་འབྲུག་གྲགས་རང་གི་ཤ་ལས་ཆད་པའི་བུ་ལྟར་ཚེ་གང་གསོ་སྐྱོང་བྱས་པ་མ་ཟད། བུ་འབྲུག་གྲགས་འཆི་མེད་ལ་རྩིས་སྤྲད་དེ་འཆི་ཁར་ཕ་བུ་མཉམ་འཛོམས་བྱེད་དུ་བཅུག་ཅིང་། དེའི་ནང་ལྷད་མེད་ཀྱི་བརྩེ་བ་ལྡན་ལ་ཕན་ཚུན་བྲལ་མི་ཕོད་པ་དང་དཀའ་སྡུག་ཚད་མེད་མྱོང་ལུགས་ཀྱང་བསྟན་ཡོད། ང་རང་ཨ་མ་རྒུན་འབྲུམ་ཞེས་པའི་མི་སྣའི་གཟུགས་བརྙན་དེར་ཧ་ཅང་དགའ་པོ་ཡོད་པས་འཁྲབ་ཁྲིད་པ་དང་ལས་རོགས་ཚོའི་རོགས་རམ་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

ཝུའུ་ཤུས་ཀྱིས“གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》ལས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མཚོན་པ་ཕུད། ད་དུང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེ་ཀྲུང་དབྱང་གིས་ས་གནས་ལ་རོགས་སྐྱོར་བྱེད་པ་དང་། ས་གནས་ཀྱིས་རང་སྟོབས་རང་སྤེལ་བྱས་ནས་གོང་འོག་སེམས་པ་གཅིག་ལ་བསྒྲིལ་ཏེ་བློ་སེམས་གཅིག་མཐུན་ངང་ཀྲུང་གོའི་ཕུགས་འདུན་གཏོད་པའི་གཏམ་རྒྱུད་ཀྱང་བརྗོད་ཡོད”ཅེས་བཤད།

“གློག་འོད་དང་། རོལ་དབྱངས། ཞབས་བྲོ་བཅས་ཚང་མའི་ཐད་ཆེད་ལས་ལྡན་པ་ཞིག་བྱུང་བའི་ཚོར་སྣང་བྱུང་བས། དེ་ནི་ཚོགས་པ་སྟོབས་ལྡན་ཞིག་རེད”ཅེས་ལྟད་མོ་བ་ཉི་མ་སྒྲོལ་མས་གསར་འགོད་པར་བཤད་བྱུང་། ཁོང་གིས་ང་རང་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་སའི་བུ་མོ་ཞིག་ཡིན་པའི་ངོས་ནས་གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》བལྟས་པ་བརྒྱུད་མྱོང་ཚོར་ཟབ་མོ་བྱུང་། དེ་ནི་སློབ་གཞི་ཞིག་དང་འདྲ་བར་ང་ཚོར་ལྷ་སའི་གྲོང་ཁུལ་རྙིང་པའི་བར་སྐོར་གྱི་སྒོ་ར་བྱང་མར་སྡོད་པའི་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས་བཅས་དབར་གྱི་མི་རིགས་མཐུན་སྒྲིལ་དང་མཉམ་དུ་འབད་འཐབ་ཀྱི་གཏམ་རྒྱུད་ལ་རྒྱུས་མངའ་བྱུང་ནས་ལོ་བཞི་བཅུ་རིང་གི་དུས་རབས་ཀྱི་འཕོ་འགྱུར་དང་མི་སེར་གྱི་འཚོ་བ་ལ་མྱོང་ཚོར་ཟབ་མོ་བྱུང་ཞེས་བཤད།

(པ་སངས་ཚེ་རིང་ཆུང་བ་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)