《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月23日

བོད་ཀྱི་ཡུལ་སྐོར་ཁྲོམ་ར་སླར་གསོ་ཐུབ་ཚད་རྒྱལ་ ཡོངས་ཀྱི་ཨང་དང་པོར་སླེབས་པ།

འདི་ནི་ཡུལ་སྐོར་བས་གཙུག་ལག་ཁང་གི་རྒྱ་ཕིབས་མདུན་དུ་པར་རྒྱག་བཞིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གྲངས་གཞི་ལས་མངོན་དོན། འདི་ལོའི་ལོ་སྟོད་དུ་བོད་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་833ལ་སྣེ་ལེན་ཞུས་པ་དེ་རྒྱལ་ཡོངས་ཡུལ་སྐོར་ཁྲོམ་ར་སླར་གསོ་ཐུབ་པའི་ཁྲོད་ཨང་དང་པོར་སླེབས་ཡོད། ལྷག་པར་དུ་ཟླ་5པ་དང་6པ་ཚུན་དུ། བོད་ལྗོངས་ཡུལ་སྐོར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྔོན་ཚུད་ནས་སླར་གསོ་ཡག་པོ་བྱུང་སྟེ་དུས་མཚུངས་ལས་27.04%དང་36.86%སོ་སོར་འཕར་ཡོད་པ་རེད།

འདི་ལོའི་ལོ་སྟོད་དུ། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱེད་པའི་གནས་ཚུལ་འོག་རང་ལྗོངས་ཀྱི་རིམ་ཁག་ཡུལ་སྐོར་སྡེ་ཚན་གྱིས“གྲངས་བཅད་བཟོ་བ་དང་། སྔོན་མངགས་བྱེད་པ། འཚང་གཡོལ་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ཡུལ་དུས་དང་བསྟུན་ནས་རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་དང་དོ་དམ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) མཛེས་ལྗོངས་ཁུལ་རེ་ལ་སྲིད་ཇུས་རེ་དང་མཛེས་ལྗོངས་ཁུལ་རེ་ལ་ཇུས་གཞི་རེ་བཟོས་ནས། རང་བྱུང་མཛེས་ལྗོངས་རིགས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྒོ་མོ་འབྱེད་རྒྱུ་ཚད་ལྡན་དུ་བཏང་ཡོད། ཟླ་3པ་ཚུན་དུ། རང་བྱུང་རིགས་ཀྱི་མཛེས་ལྗོངས་ཁུལ་300ལྷག་ཙམ་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་ཡོད། དེ་དང་ཆབས་ཅིག “བོད་ཀྱི་མིས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་དང་། “བོད་ཤར་གྱི་ཉམས་འགྱུར། ཁམ་བུའི་མེ་ཏོག་གྲོང་ཚོའི་ཡུལ་སྐོར” “བོད་ལྷོའི་ཁྱད་ཆོས། རོང་དམར་ཡུལ་སྐོར” “བོད་ནུབ་ཀྱི་ཞིང་ཐང་། ཞིང་དལ་ཡུལ་སྐོར”“བོད་བྱང་གི་འབྲོག་གླུ། སྦྲ་ནག་ཡུལ་སྐོར”བཅས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་4བཏོད་ཡོད། གཞན་ཡང་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་ཟླ་3པར་རང་སྐྱོང་ལྗོངས་རིམ་པའི་བདེ་ཐང་ཡུལ་སྐོར་དང་ལྗང་མདོག་ཡུལ་སྐོར་གྱི་དཔེ་སྟོན་རྟེན་གཞི་འདུན་ཞུ་དཔྱད་འདེམས་ཀྱི་ལས་དོན་སྤེལ་འགོ་ཚུགས་ཡོད། ཚོད་ལྟ་ཁག་དང་པོར་ལྷ་ས་གྲོང་ཁྱེར་གྱི་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་འཛུགས་སྐྲུན་གྱི་ལྟེ་བའི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། དཔེ་སྟོན་རྟེན་གཞི་འཛུགས་རྒྱུ་གོ་སྐབས་སུ་འཛིན་ནས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་དང་། ཆུ་ཚན་ལུས་གསོ། སོས་དལ་སྤྲོ་གསེང་། ལྗང་མདོག་སྣོད་བཅུད་སོགས་ཁྱད་ལྡན་ལས་རྣམ་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད།