《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

ཁྲེན་ཡུང་ཆི།

ཁོངས་གཏོགས་ཏང་ཀྲི་པུའི་ཆེད་དོན་ སློབ་སྦྱོང་ཚོགས་འདུར་ཞུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་17ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆིས་ཏང་ཡོན་དཀྱུས་མའི་ཐོབ་ཐང་ཐོག་ནས་ཁོངས་གཏོགས་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་གཞུང་ལས་ཁང་གི་ཏང་ཀྲི་པུའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཞུགས་ནས། ཀྲི་པུའི་ཏང་ཡོན་ཡོངས་དང་ལྷན་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་སྐོར་གྱི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་འབྲེལ་ཡོད་ནང་དོན་ཆེད་དོན་སློབ་སྦྱོང་གནང་བ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་ཀྲུའུ་ཞི་དབང་དབྱང་བོད་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བསྐྱར་དྲན་གནང་བ་མ་ཟད། སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་ཀྱང་གནང་བ་རེད།

ཁྲེན་ཡུང་ཆིས་གསུངས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ལ་མཁྱེན་རྒྱ་ཡངས་པ་མ་ཟད། རྒྱུན་ཆད་མེད་པར་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱེད་བཞིན་ཡོད་པས་ངེས་པར་དུ་ཆ་ཚང་ལ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་དང་། དུས་ཐོག་ཏུ་རྗེས་སྙེགས་སློབ་སྦྱོང་བྱས་ནས་ཤེས་བྱ་རྙིང་པར་ཕྱིར་དྲན་བྱེད་ཞོར་རྒྱུན་དུ་སྦྱོང་བ་དང་རྒྱུན་དུ་ཤེས་བྱ་གསར་པ་སྦྱོང་བའི་གོམས་གཤིས་འཇགས་པར་བྱེད་དགོས། དེབ་གསུམ་པ་སློབ་སྦྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས་སེམས་ནུས་གཅིག་སྒྲིལ་དང་དུས་ཚོད་དམ་འཛིན་གྱིས་མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་ཡིག་གི་གོ་དོན་རྟོགས་པ་བཅས་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས།

ཁྲེན་ཡུང་ཆིས། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུཌ་རྒྱུ་དེ་གཙོ་རྐང་དུ་བྱས་ནས་ལས་བྱེད་པ་འདེམས་པ་དང་ཚན་པ་བཀོད་སྒྲིག་བྱེད་པ། གཞི་རིམ་ལ་དམ་འཛིན་གྱིས་རྨང་གཞི་འདིང་བ། དཔུང་ཁག་འཛུཌ་སྐྱོང་གིས་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་གཉེན་ཉེ་ལྟར་འཆམ་མཐུན་དང་ལྟ་རེས་སྐྱོང་རེས་བྱེད་པར་སྐུལ་འདེད་བཏང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།