《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

གཏམ་བརྗོད་ཟློས་གར་ཞིག་གིས་གྲོང་ཁྱེར་ཧྲིལ་པོའི་མི་སེམས་འགུལ་བར་བྱས།

—— གསར་བརྗེའི་བརྗོད་དོན་གྱི་གཏམ་བརྗོད་ཟློས་གར《བླ་སྲོག་གིས་བཞེངས་པའི་སྟག་མ་ལའི》རྒྱབ་ཀྱི་གཏམ་རྒྱུད།

བརྩེ་སེམས་ཀྱིས་ཕྱུག་པའི་ཉིན་གསུམ་གྱི་འཁྲབ་སྟོན་ལ་གཟིགས་མོ་བའི་གདེང་འཇོག་ཡག་པོ་ཐོབ་པ།

ཟླ་7ཚེས་16དང་། ཚེས་17 ཚེས་18ཉིན་བཅས་ལ་ཆབ་མདོ་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེ་མོའི་ནང་ལྟད་མོ་བས་ཁེངས་ནས་སྡོད་ས་མེད། ལས་ཞོར་འཁྲབ་སྟོན་པས་འཁྲབ་སྟོན་གཙོ་བོར་བྱས་པའི་གསར་བརྗེའི་བརྗོད་དོན་གྱི་གཏམ་བརྗོད་ཟློས་གར《བླ་སྲོག་གིས་བཞེངས་པའི་སྟག་མ་ལ》ཞེས་པ་ཕུན་སུམ་ཚོགས་པོའི་ངང་འཁྲབ་སྟོན་བྱས་ཤིང་། སྐབས་ཤིག་རིང་། གྲོང་ཁྱེར་གྱི་ཟློས་གར་ཁང་ཆེ་མོའི་ནང《བླ་སྲོག་གིས་བཞེངས་པའི་སྟག་མ་ལ》ཞེས་པར་ལྟ་བ་ནི་ཆབ་མདོའི་མཛེས་ལྗོངས་ཁྱད་པར་བ་ཞིག་ཏུ་གྱུར།

ཟླ་7ཚེས་16ཉིན། གསར་བརྗེའི་བརྗོད་དོན་གྱི་གཏམ་བརྗོད་ཟློས་གར《བླ་སྲོག་གིས་བཞེངས་པའི་སྟག་མ་ལ》ཞེས་པ་དེ་ཆབ་མདོ་གྲོང་ཁྱེར་གྱི་ཟློས་གར་ཁང་ཆེ་མོའི་ནང་ཐོག་མར་འཁྲབ་སྟོན་བྱས་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ཟློས་གར་དེ་ནི་དོན་རྐྱེན་ངོ་མ་གཞིར་བཟུང་ནས་སྒྲིག་རྩོམ་བྱས་པ་ཞིག་རེད། ལོ་ངོ་70གོང་ལྷོ་ནུབ་ཆེན་པོ་བཅིངས་འགྲོལ་བཏང་རྗེས་ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་བྱས་ཏེ་དམར་དམག་བོད་དུ་བསྐྱོད་པ་རྒྱབ་ལྗོངས་སུ་བྱས་ནས་ལིན་ཐེན་ཙེ་དང་ཅང་ལེ་ཆིང་སོགས་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པས་བོད་དུ་སྐྱོད་རིང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས“ཆབ་མདོར་ལྷན་འཛོམས་བྱུང་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཞིག་རེད། ཟློས་གར་ཧྲིལ་པོ་ཁག་ལྔར་དབྱེ་བ་དང་བྱུང་རིམ་ནི་སེམས་འགུལ་ཚད་མེད་ཐེབས་པ་དང་བསམ་གཞིག་གི་དབྱིངས་སུ་ཚུད་པ་ཞིག་རེད།

“གཏམ་བརྗོད་ཟློས་གར《བླ་སྲོག་གིས་བཞེངས་པའི་སྟག་མ་ལ》ཞེས་པར་གསར་བརྗེ་རྒྱུན་འཛིན་གྱི་སློབ་གསོའི་དོན་སྙིང་ཡོད། ཟློས་གར་འདི་བརྒྱུད་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ཏེ་མི་རྣམས་ཏང་གི་རྗེས་སུ་བློ་བརྟན་འགྱུར་མེད་ངང་འབྲང་བར་ཁྲིད་སྟོན་བྱེད་པའི་རེ་བ་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཅུས་ཀྲང་གཞོན་པ་བདེ་དགའ་དབང་མོས་བཤད།

མི་སེར་འཁྲབ་སྟོན་པས་ཟློས་གར་འཁྲབ་སྟོན་ལ་ནུས་པ་གང་ལེགས་བཏོན་པ།

ཟློས་གར《བླ་སྲོག་གིས་བཞེངས་པའི་སྟག་མ་ལ》ཞེས་པ་ཐོག་མར་འཁྲབ་པར་ལྟད་མོ་བའི་གདེང་འཇོག་ཡག་པོ་ཐོབ་པ་རེད། འོན་ཀྱང་གསར་བརྗེའི་བརྗོད་དོན་གྱི་གཏམ་བརྗོད་ཟློས་གར་ཆེ་གྲས་འཁྲབ་སྟོན་ལམ་ལྷོངས་བྱུང་བའི་རྒྱབ་ཏུ་ད་དུང་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་ཡོད་པ་རེད།

གཏམ་བརྗོད་ཟློས་གར་དེའི་འཁྲབ་སྟོན་པ་ཚང་མ་ནི་ཆབ་མདོ་རང་ནས་ཡིན་པའི་མི་སེར་འཁྲབ་སྟོན་པ་རེད། ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་གྲོང་ཁྱེར་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཕུད་ད་དུང་སློབ་མས་ཀྱང་འཁྲབ་སྟོན་པ་བྱས་ཡོད་པ་རེད།

ན་ནིང་གི་ཟླ་6པ་ནས་སྒྲིག་རྩོམ་བྱས་ཏེ་ད་ལོའི་ཟླ་7པར་དངོས་སུ་ཐོག་མར་འཁྲབ་པའི་བར། 《བླ་སྲོག་གིས་བཞེངས་པའི་སྟག་མ་ལ》ལོ་གཅིག་ལྷག་ཙམ་འགོར་ཡོད། དེའི་བར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་རྐྱེན་པས་ནང་སྦྱོང་སྐབས་ཤིག་རིང་མཚམས་ཆད་པས་གཙོ་འཁྲབ་དང་འཁྲབ་སྟོན་པར་དུས་ཚོད་མང་པོ་བྱུང་མེད།

“འདིའི་བརྒྱུད་རིམ་ནི་དངོས་གནས་དཀའ་ཚེགས་ཆེ་བ་ཞིག་རེད། འོན་ཀྱང་འབྲས་བུར་བལྟས་ན་ང་ཚོས་དཀའ་ལས་རྒྱག་རིན་འདུག”འཁྲབ་སྟོན་སྐབས་ཀྱི་ཐལ་མོའི་རྡེབ་སྒྲ་དང་ལྟད་མོ་བའི་སེམས་འགུལ་ཐེབས་པའི་མིག་ཆུ་ལས་ཡོད་ཚད་གསལ་བཤད་བྱེད་ཐུབ་ཅེས་འཁྲབ་ཁྲིད་པ་ཆུང་བདག་གིས་བཤད།

ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་པ།

ཆབ་མདོ་ནི་བོད་དུ་སྐར་ལྔའི་དར་དམར་ཐོག་མར་སྒྲེང་བའི་ས་ཆ་ཞིག་རེད། རྒྱ་ཆེ་བའི་ཡུལ་གྲུ་དེ་ནས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པའི་གསར་བརྗེའི་གཏམ་རྒྱུད་གྲངས་མེད་ཐོན་མྱོང་།

སྤུས་ཚད་མཐོ་བའི་གཏམ་བརྗོད་ཟློས་གར་ཞིག་འཁྲབ་ཆེད། ཆབ་མདོ་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཆབ་སྲིད་ཀྱི་ཕྱོགས་སྟོན་འགག་སྒོ་ནན་དུ་བཏང་བ་དང་སྒྱུ་རྩལ་གྱི་སྤུས་ཚད་འགག་སྒོར་དམ་འཛིན་བྱས་ཤིང་། ཧྥུའུ་ཅན་དང་ཧྲང་ཧའེ་ཡི་འཁྲབ་གཞུང་སྒྲིག་རྩོམ་པ་གྲགས་ཅན་སྔ་རྗེས་སུ་གདན་དྲངས་ཏེ་བཟོ་བཅོས་ཐེངས་མང་བརྒྱབ་པ་མ་ཟད། རིགས་གཅིག་མཁས་ཅན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་མཐར་འཁྲབ་གཞུང་གསར་རྩོམ་ལེགས་གྲུབ་བྱུང་བ་རེད།

“ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་། གསར་བརྗེའི་རིག་གནས་སྔ་ས་ནས་ཆབ་མདོའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་མཉམ་འདྲེས་བྱུང་ཡོད”ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གསར་བརྗེའི་རིག་གནས་སྔོག་འདོན་དང་། སྲུང་སྐྱོང་། ལེགས་སྒྲིག རྒྱུན་འཛིན་བཅས་བྱ་ཆེད། གྲོང་ཁྱེར་རིག་གནས་ཅུས་ཀྱིས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་གསར་སྤེལ་དེ་བཞིན་བེད་སྤྱོད་བཅས་བྱེད་པའི་ལས་ཀར་སྐུལ་འདེད་ཤུགས་ཆེན་བཏང་ནས་གསར་བརྗེའི་རིག་རྩལ་རྩེ་གྲ་བཏོད་པ་དང་ཆབས་ཅིག གཙོ་གནད་ཐོག་གསར་བརྗེའི་གནའ་ཤུལ་སྲུང་སྐྱོང་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབས་ཡོད་ཅེས་བདེ་དགའ་དབང་མོས་བཤད། (གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)