《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月21日

མེ་ཏོག་རྫོང་སྐེམ་སྡེང་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་སྐལ་བཟང་།

ཞིང་ནང་དང་མུ་ཁར་བསྐྱོད་ནས་སྒྲོག་འགྲེལ་ལ་བརྩོན་པ།

“ད་ཆ་ང་ཚོ་ཟས་གོས་ལ་སེམས་ཁྲལ་མེད་པ་དང་འཚོ་བ་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད། འདི་དག་ཚང་མ་ནི་ཏང་གི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་པས། ང་ཚོས་ངེས་པར་དུ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་དགོས”ཞེས་གསར་འགོད་པ་མེ་ཏོག་རྫོང་སྤང་ཞིང་ཤང་སྐེམ་སྡེང་གྲོང་མདོར་སླེབས་སྐབས་སྒྲོག་འགྲེལ་པ་སྐལ་བཟང་གིས་སྐད་གསང་མཐོན་པོས་གྲོང་མི་ཚོར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་འབྲེལ་ཡོད་ནང་དོན་སྒྲོག་འགྲེལ་བྱེད་བཞིན་པ་ཐག་རིང་ནས་ཐོས་བྱུང་།

མ་གཞི་ཆར་པ་སིམ་སིམ་བབས་ཀྱི་ཡོད་ཀྱང་གྲོང་མི་ཚོས་ནན་ཏན་ངང་ཉན་པ་མ་ཟད། ད་དུང་སྤྲོ་སྣང་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ངོས་འཛིན་དང་མྱོང་ཚོར་གླེང་བཞིན་ཡོད། མེ་ཏོག་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བསྟན་འཛིན་གྱིས་སྒྲོག་འགྲེལ་གྱི་བར་དུ“‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’ཞིབ་ཕྲའི་ནང་དོན་ཚང་མས་ཤེས་ཀྱི་ཡོད་དམ”ཞེས་དྲིས་མ་ཐག གྲོང་མི་སྒྲོལ་དཀར་གྱིས་དེ་མ་ཉིད་དུ་ལག་པ་བརྐྱང་པ་དང་འབྲེལ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”ཞེས་ལན་ཆུ་རྒྱུགས་རྒྱུགས་ཀྱི་བཏབ། གྲོང་མི་བསམ་བསྟན་གྱིས་རང་འགུལ་ངང་ཚང་མའི་སྣེ་འཁྲིད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་སྐད་གསང་མཐོན་པོས་ཐེངས་གཉིས་བཀླགས།

ཆར་པ་རིམ་བཞིན་ཆེ་རུ་ཕྱིན་པས། སྐལ་བཟང་གིས་གྲོང་མི་ཚོ་ཁྲིད་དེ་ཇའི་རྟེན་གཞིའི་ཉེ་འགྲམ་གྱི་སྤྱིལ་བུར་ཆར་གཡོལ་བྱས། དེ་རྗེས་ཁོང་གིས་སླར་ཡང་མོན་པའི་སྐད་དང་རྒྱ་སྐད་གཉིས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་དང་། ནག་སེལ་གཤེད་བཅོམ། སྨན་རིན་རྩིས་ཞུ་སོགས་ཐད་ཀྱི་ནང་དོན་གསལ་འགྲེལ་བྱས།

སྐལ་བཟང་གིས“ངས་གཙོ་བོ་གྲོང་མི་ཚོ་ཞིང་ནང་དང་མུ་ཁར་ངལ་གསོ་བརྒྱབ་པའི་དུས་ཚོད་སྤྱད་དེ་སྒྲོག་འགྲེལ་བྱེད་པ་དང་། སྐབས་རེ་གྲོང་མིའི་ཚོགས་ཆེན་ཐོག་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ཡང་སྐབས་རེ་ཁྱིམ་དུ་ཕྱིན་ནས་སྒྲོག་འགྲེལ་བྱེད་ཀྱི་ཡོད། རྒྱ་སྐད་ཤེས་མཁན་གྱི་གྲོང་མི་ཧ་ཅང་ཉུང་ཉུང་ཡིན། འོན་ཀྱང་ངས་རྒྱ་སྐད་ཐོག་ནས་སྒྲོག་འགྲེལ་ཡང་ཡང་བྱེད་ཀྱི་ཡོད། འདི་འདྲ་བྱས་ན་གྲོང་མི་ཚོས་རྒྱ་སྐད་ཕྲན་བུ་ཤེས་ཐུབ་པས་ཕྱིར་སྐྱོད་སྐབས་མི་གཞན་དང་འབྲེལ་བ་བྱེད་བདེ་པོ་ཡོང་གི་རེད”ཅེས་གསར་འགོད་པར་དེ་ལྟར་བཤད་བྱུང་།

གྲོང་མི་དབང་ཆེན་ནི་དེ་སྔ་ཆང་རག་འཐུང་རྒྱུར་དགའ་བ་དང་། ནང་ལས་མི་བྱེད་པ། དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པས་བཟའ་ཟླའི་དབར་འཆམ་པོ་མེད་ལ་འཚོ་བར་ཡང་དཀའ་ངལ་ཆེན་པོ་ཡོད། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) གྲོང་ཚོ“ཨུ་ལྷན”གཉིས་ཀྱི་སློབ་གསོ་དང་རོགས་རམ་འོག་དང་། ལྷག་པར་དུ་སྒྲོག་འགྲེལ་པ་སྐལ་བཟང་གི་མཛུབ་ཁྲིད་འོག དབང་ཆེན་ལ་ད་ཆ་ཡར་རྒྱས་ཆེན་པོ་བྱུང་ནས་ཆང་རག་དང་ཐ་མག་བཅད་པ་མ་ཟད། ད་དུང་གྲོང་ཚོའི་ཇ་ལོ་མཉམ་ལས་ཁང་འཛུགས་སྐྲུན་འཕེལ་རྒྱས་ནང་ཧུར་ཐག་ཞུགས་ནས་ད་ཆ་ཇ་འདེབས་འཛུགས་དང་། ཇ་ལོ་འཐུ་བ། ཇ་ལོ་བརྔོ་བ་བཅས་ལ་བྱང་ཆུབ་པར་གྱུར་པ་དང་། རང་འགུལ་ངང་རིར་འཛེགས་ནས་རྡོ་ཁོག་བཟོ་བ་དང་གྲོང་ཚོས་སྒྲིག་འཛུགས་བྱས་པའི་གཙང་སྦྲའི་བྱེད་སྒོ་སོགས་ནང་ཧུར་ཐག་ཞུགས་སྟབས་2018ལོར་ཁོང་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཡོད།

འདི་ལོ་ལོ་60ལ་སླེབས་པའི་ཏང་ཡོན་རྒན་གྲས་ཚེ་དབང་ཆོས་འཕེལ་གྱིས“སྐལ་བཟང་གིས་ང་ཚོར་རྟག་ཏུ་སྒྲོག་འགྲེལ་བྱེད་ཀྱི་ཡོད། ཁོང་གིས་ཉེ་འགྲམ་གྱི་མི་དང་བྱ་བ་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱེད་ཀྱི་ཡོད་པས། ང་ཚོས་གསལ་པོ་ཤེས་ཀྱི་འདུག་ལ་བག་ཆགས་གཏིང་ཟབ་ཡོང་གི་འདུག ཏང་གི་སྲིད་ཇུས་ལོ་རེ་བཞིན་ལེགས་སུ་འགྲོ་བ་དང་། ང་ཚོ་ཞིང་འབྲོག་པ་ཚོའི་འཚོ་བའང་ཉིན་བཞིན་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ལ་ཐུགས་རྗེ་ཆེ་ཞུ་དགོས་ལ། ཏང་གི་བཀའ་དྲིན་དུས་ནམ་ཡང་བརྗེད་མི་རུང་། ངས་ཀྱང་རང་གི་ནུས་པས་ལྕོགས་ཚོད་ཀྱིས་ལས་ཀ་བྱས་ཏེ་ཏང་དང་སྲིད་གཞུང་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཤད།

“ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པར་ངེས་པར་དུ་ཏང་གི་གཞི་རིམ་རྩ་འཛུགས་ལ་བརྟེན་ནས་གཞི་རིམ་དང་མང་ཚོགས་ལ་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་མི་རེ་ངོ་རེས་རང་རྟོགས་ངང་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས། ཏང་ཡོན་ཞིག་དང་དམག་ཞབས་ཐིམ་པའི་དམག་མི་ཞིག་ཡིན་པའི་ངོས་ནས། ང་རང་སྒྲོག་འགྲེལ་པའི་གསོ་སྦྱོང་ནང་ཐེངས་མང་ཞུགས་མྱོང་བས་ཏང་གི་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ནས་གྲོང་མི་ཚང་མས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་མིན་ཤེས་སུ་འཇུག་རྒྱུ་དེ་ནི་ངའི་དོར་ཐབས་མེད་པའི་འགན་འཁྲི་ཡིན”ཞེས་སྐལ་བཟང་གིས་བཤད།

(པ་སངས་སྒྲོན་ལགས་ཀྱིས་བསྒྱུར། རིག་འཛིན་རྡོ་རྗེས་ཞུས)