《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月18日

ཉིང་ཁྲི་གྲོང་ཁྱེར་གྱིས་གྲ་སྒྲིག་ཨང་བསར་བྱས་ནས་བདེ་འཇགས་ངང་འབྲུབ་དུས་སྒྲོལ་བའི་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་ཉིང་ཁྲི་གྲོང་ཁྱེར་འདི་ཉིད་ཕྱོགས་ཡོངས་ནས་འབྲུབ་དུས་སུ་སླེབས་ཡོད། ཟླ་6པ་ཤར་ཚུན་ཉིང་ཁྲི་གྲོང་ཁྱེར་ཁོངས་སུ་རྒྱུན་མཐུད་དྲག་ཆར་བབས་པའི་གནམ་གཤིས་བསྟན་ཏེ་ཆར་ཆུ་བབས་ཡུལ་གཅིག་སྡུད་ཆེ་བ་དང་། ཆར་ཆུ་བབས་ཚད་ཆེ་བ། ཐོལ་བྱུང་རང་བཞིན་ཆེ་བ། གནོད་འཚེ་ཕོག་ཤུགས་ཆེ་བ། གཏོགས་ཁོངས་རྒྱ་ཆེ་བ་བཅས་ཡོད་པ་མ་ཟད། ས་ཆ་ཁག་གཅིག་ལ་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་ཐེངས་མང་ཐོན་ཡོད།

འབྲུབ་དུས་ཀྱི་ཛ་དྲག་ཆེ་བའི་གནས་ཚུལ་ལ་འཕྲལ་དུ་ཁ་གཏད་གཅོག་ཆེད། ཉིང་ཁྲི་གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། དེ་བཞིན་གྲོང་ཁྱེར་འབྲུབ་འགོག་ཐན་འགོག་གཞུང་ལས་ཁང་བཅས་ཀྱིས་རྫོང(ཆུས)ཁག་དང་། ཚན་པ་ཁག སྡེ་ཚན་ཁག་གིས་འཕྲལ་སྡོམ་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་ཁོངས་མིའི་ཚན་པ་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་མྱུར་སྤེལ། ཕྱོགས་ཡོངས་ནས་སྐུལ་སློང་བཅས་བྱེད་པ། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཆར་པ་བབས་ཚུལ་དང་། ཆུ་ལོག་ཐོན་ཚུལ། འབྲུབ་དུས་ཀྱི་གནས་ཚུལ། གནོད་འཚེ་ཕོག་ཚུལ་བཅས་ལ་ལྟ་ཞིབ་ནན་པོ་བྱེད་པ། ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ལྟ་ཞིབ་ཚད་ལེན་བྱེད་ཐེངས་མང་དུ་གཏོང་བ་བཅས་བྱས་ནས་ཆ་འཕྲིན་མཉམ་སྤྱོད་དང་ཐོན་ཁུངས་མཉམ་སྤྱོད་ཀྱིས་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་ལ་མཐུན་སྦྱོར་ངང་ཁ་གཏད་གཅོག་དགོས་པ་དང་། ཆུ་བེད་སྡེ་ཚན་གྱིས་ཆུ་ལོག་གི་གནས་ཚུལ་དུས་ཐོག་དང་ཡང་དག་ངང་ཁོང་དུ་ཆུད་པ་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱེད་དགོས་པ། གནམ་གཤིས་སྡེ་ཚན་གྱིས་དུས་ཐོག་ཏུ་གནམ་གཤིས་ཀྱི་གནས་ཚུལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ལྟ་ཞིབ་ནན་པོ་བྱས་ནས་སྔོན་བརྡ་དུས་ཐོག་དང་ཡང་དག་ངང་གཏོང་དགོས་པ། འཕེལ་སྒྱུར་དང་། ནོར་སྲིད། གློག་ཤུགས། འགྲིམ་འགྲུལ། འཕྲིན་གཏོང་སོགས་སྡེ་ཚན་གྱིས་བཀོད་གཏོང་ལས་དོན་ཏན་ཏིག་ངང་བསྒྲུབས་ཏེ་དུས་ཐོག་ཏུ་འབྲུབ་འགོག་གེགས་སེལ་ལས་དོན་ལ་སྟབས་བདེའི་ཆ་རྐྱེན་བསྐྲུན་དགོས་པ། དམངས་སྲིད་དང་སྤྱི་བདེ་སོགས་སྡེ་ཚན་གྱིས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་འཕྲལ་སྡོམ་དངོས་རྫས་དང་རོགས་སྐྱོར་སྟོབས་ཤུགས་གྲབས་གསོག་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)