《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月18日

“ཀྲུའུ་ཧའེ—ཁྲུང་ཆིང—ཉིང་ཁྲི”བར་གྱི་ མཁའ་ལམ་ཤར་གཏོང་བྱས་པ།

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་6དང་སྐར་མ་20ཙམ་དུ་ལྷོ་ཕྱོགས་མཁའ་འགྲུལ་ཁྲུང་ཆིང་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་A319ཀྲུའུ་ཧའེ་ནས་འཕུར་ཏེ་ཁྲུང་ཆིང་བརྒྱུད་སྔ་དྲོའི་ཆུ་ཚོད་11དང་སྐར་མ་45ཙམ་དུ་ཉིང་ཁྲིར་བདེ་བླག་ངང་འབྱོར་ཞིང་། དེས“ཀྲུའུ་ཧའེ—ཁྲུང་ཆིང—ཉིང་ཁྲི”བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་པ་དང་། དུས་གཏན་གནམ་གྲུ་དེ་གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་ཕུར་བུར་འཕུར་གྱི་ཡོད་པ་རེད།

ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་གྱི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་བསྟུན་ནས་ཀོང་ཏུང་དང་ཉིང་ཁྲི་ས་ཁུལ་གཉིས་ཀྱི་ཚོང་དོན་དང་ཟོག་འགྲེམས་འགྲོ་འོང་བྱེད་ཚད་མང་དུ་འགྲོ་རྒྱུ་རེད། མཁའ་ལམ་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོ་དང་ཀྲུའུ་ཅང་གཙང་པོའི་ནུབ་ངོགས་འབྲེལ་མཐུད་ཐུབ་རྒྱུ་དང་ཉིང་ཁྲི་དང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཁུག་ཆེན་ཁུལ་འབྲེལ་མཐུད་ཐུབ་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོ་དང་གྲོང་ཁྱེར་གཉིས་པོའི་ཚོང་འགུགས་མ་འདྲེན་དང་། དཔལ་འབྱོར་ཚོང་དོན། དངུལ་རྩའི་ཚན་རྩལ། རིག་གནས་སློབ་གསོ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་མ་ཐེབས་རྒྱུ་རེད། བོད་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་ཆེད། ཁུག་ཆེན་ཁུལ་ལ“7+2”འཛད་སྤྱོད་བོད་སྐྱོར་སྟེགས་བུ་བསྐྲུན་ནས་ཉིང་ཁྲིའི་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་ཐུབ་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་རེད། ཀོང་ཏུང་དང་བོད་ལྗོངས་ཀྱི་མི་དམངས་འགྲོ་འོང་སྤེལ་རེས་བྱེད་པར་དེ་བས་སྟབས་བདེ་སྐྲུན་པ་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་ནུས་པ་གལ་ཆེན་འདོན་རྒྱུ་རེད།