《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

སློབ་ཆུང་བོད་སྐད་ཡིག་སློབ་ཁྲིད་བྱེད་ཐབས་སྐོར་གྱི་ལྟ་ཚུལ་རགས་ཙམ་གླེང་བ།

རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། སྐད་ཡིག་ནི་མི་རིགས་ཤིག་གི་རིག་གནས་ཀྱི་སྲོག་ཤིང་ཡིན་ལ་དེས་མིའི་རིགས་འཕེལ་རྒྱས་འགྲོ་བར་སྔ་ཕྱི་བར་གསུམ་དུ་གལ་ཆེའི་ནུས་པ་འདོན་བཞིན་ཡོད། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཁ་འབྲལ་ཐབས་མེད་པའི་གྲུབ་ཆ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནི་མིའི་རིགས་རིག་གནས་ཀྱི་གྲུབ་ཆ་ཞིག་དང་། རིག་གནས་གང་ཡིན་རུང་རིན་ཐང་གི་ཁྱད་པར་མེད་ལ། ཚང་མ་མིའི་རིགས་རིག་གནས་ཀྱི་ཤུལ་བཞག་རྩ་ཆེན་ཞིག་རེད། བོད་སྐད་ཡིག་ལེགས་པར་སྦྱོང་དགོས་ན། རྨང་གཞིའི་སློབ་གསོ(སློབ་ཆུང་དང་དམའ་འབྲིང་སློབ་གསོ)ནས་འགོ་ཚུགས་དགོས་སྟབས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཚོས་དེང་རབས་ཅན་གྱི་འཁྲིད་ཐབས་གསར་པའི་ཁྱད་ཆོས་ལ་གཙིགས་ཆེན་གྱིས་སློབ་མའི་རྟོགས་འཆར་དང་། བསམ་གཞིག དེ་བཞིན་དཔྱད་བསྡུར་དང་བགྲོ་གླེང་བཅས་ཀྱི་འཇོན་ཐང་སྐྱེད་སྲིང་བྱེད་དགོས། དགེ་རྒན་ནི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་བྱེད་པའི་འགན་འཁུར་བ་དང་ལག་ལེན་པ་ཞིག་ཡིན་པས་དེ་སྒྱུར་བཅོས་ཇི་འདྲ་བྱེད་མིན་ནི་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ཀྱི་འཇོན་ཐང་དང་ཆེད་ལས་ལག་རྩལ་ལ་རག་ལུས་ཡོད། དེར་བརྟེན་གུས་པས་ལོ་ཤས་རིང་གི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ཉམས་མྱོང་ལ་བརྟེན་ནས་སློབ་ཆུང་སློབ་མའི་བོད་སྐད་ཡིག་སློབ་ཁྲིད་ཀྱི་ཆུ་ཚད་གོང་མཐོར་ཇི་གཏོང་དགོས་མིན་ཐད་རང་གི་ལྟ་ཚུལ་རགས་ཙམ་བརྗོད་པར་འདོད།

དང་པོ། སྐད་ཡིག་བསླབ་ཚན་སློབ་སྦྱོང་བྱེད་པའི་བསམ་བློའི་མཛུབ་སྟོན།

དང་ཐོག་ངས་གོང་ལ་བརྗོད་པ་ལྟར། སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་ཤིང་རེད་ལ། མི་རིགས་ཤིག་ཡར་རྒྱས་འགྲོ་བའི་ལག་ཆ་གལ་ཆེན་ཞིག་ཡིན་པས་སློབ་མར་བོད་སྐད་ཡིག་སློབ་གསོའི་ཆོས་ཉིད་ལ་སྲུང་བརྩི་ཞུ་བ་དང་བོད་སྐད་ཡིག་བསླབ་ཚན་སྦྱོང་འདོད་པའི་བསམ་བློའི་སློབ་གསོ་གང་མང་བརྒྱབ་སྟེ། བསླབ་ཚན་གྱི་ནང་དོན་སོགས་ལ་འགྲེལ་བཤད་རྒྱག་སྐབས་དུས་རྒྱུན་གྱི་འཚོ་བའི་ནང་འཕྲད་སྲིད་པ་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་སློབ་མ་ཚོས་གུ་ཡངས་ཤིང་སྤྲོ་སྣང་ལྡན་པའི་ངང་སློབ་ཚན་ཉན་པའི་མཛུབ་སྟོན་བྱེད་དགོས་ལ། སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་སློབ་མར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ཀུན་སྤྱོད་ཀྱི་སློབ་གསོ། ཚན་རིག་གི་བློ་སྒོ་འབྱེད་པའི་བསམ་པའི་དཔལ་ཡོན་མངོན་འགྱུར་ཡོང་བར་བྱས་ཏེ། བོད་ཀྱི་རིག་གནས་རྒྱ་ཆེ་ཞིང་ཕུན་སུམ་ཚོགས་ཚུལ་ལ་ངེས་ཤེས་སྐྱེད་པར་བྱས་ཏེ་བོད་སྐད་ཡིག་སློབ་སྦྱོང་བྱེད་པའི་ཡིད་ཆེས་དང་གོམས་གཤིས་བཟང་པོ་ཞིག་འཇགས་པར་མཛུབ་སྟོན་ཡག་པོ་བྱེད་དགོས།

གཉིས་པ། འོས་ཤིང་འཚམ་པའི་སློབ་ཁྲིད་ཀྱི་དམིགས་ཡུལ་ཡོད་དགོས།

སློབ་ཁྲིད་ཀྱི་དམིགས་ཡུལ་གསལ་པོ་འགོད་པ་ནི་དགེ་རྒན་གྱིས་སློབ་ཚན་མ་ཁྲིད་གོང་སློབ་ཚན་གྱི་ནང་དོན་ཟིན་བྲིས་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། དེ་ལྟར་གསལ་སྟོན་བྱས་པ་དེས་སློབ་ཚན་གང་ཞིག་སློབ་མར་འཆད་ཁྲིད་བྱེད་སྐབས་ངེས་པར་དུ་ལེགས་གྲུབ་བྱེད་དགོས་པའི་སློབ་ཁྲིད་ཀྱི་ལས་འགན་ནམ་དམིགས་ཡུལ་གསལ་པོར་འགོད་པ་ནི་ཧ་ཅང་གི་གལ་ཆེ་བར་སྙམ་མོ།

འོ་ན་འོས་ཤིང་འཚམ་པའི་སློབ་ཁྲིད་ཀྱི་དམིགས་ཡུལ་གང་ཡིན་ནམ་ཞེ་ན། གཅིག་ནི་འཆད་ཁྲིད་བྱེད་པའི་སློབ་ཚན་གང་ཞིག་གི་ནང་དོན་གྱི་ཁྱབ་ཁོངས་ནས་མ་འགལ་བའམ་ཡང་ན་དམིགས་ཚད་དམའ་ཙམ་དགོས་པ་དང་། གཉིས་ནི་སློབ་མའི་ལོ་ནའི་ཁྱད་ཆོས་དང་། སེམས་ཁམས་ཀྱི་ཁྱད་ཆོས། དེ་བཞིན་འཚོ་བའི་གོམས་གཤིས་དང་བསྟུན་ནས་འཆད་ཁྲིད་བྱེད་པའི་སློབ་ཚན་གྱི་ནང་དོན་གསོན་ཉམས་དོད་པོའི་ངང་འགྲེལ་བཤད་ཡག་པོ་བརྒྱབ་སྟེ། སློབ་མའི་བརྩོན་སེམས་འཕེལ་བར་བྱས་ནས་ཁོ་ཚོའི་གསར་གཏོད་ཀྱི་ནུས་པ་དང་། མཛེས་དཔྱོད་ཀྱི་རིན་ཐང་ལྟ་བ་སྐྱེད་སྲིང་བྱས་ཏེ་ཕྱོགས་ཡོངས་ནས་སློབ་མ་འཚར་ལོངས་ཡོང་བར་བྱེད་དགོས།

དེའི་ཐད་དཔེ་གཞི་ཞིག་དྲངས་ནས་ཞུས་ན། དཔེར་ན། རྩོམ་འབྲིའི་ཤེས་བྱའི་ནང་གི《མི་སྣ་ཞིབ་འབྲི་བྱེད་ཚུལ》ཞེས་པར་མཚོན་ན། བསླབ་ཚན་དེ་སློབ་ཁྲིད་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་མིའམ་ཡང་ན་སྲོག་ཆགས་གང་རུང་ཞིག་རྩོམ་འབྲི་བྱེད་སྐབས་ངེས་པར་དུ་མིའམ་སྲོག་ཆགས་དེའི་ཕྱིའི་རྣམ་པ་དང་། མི་སྣའི་སྐད་ཆ། བྱ་སྤྱོད། སེམས་ཀྱི་འགྱུར་བ་བཅས་ནང་དོན་ཁག་བཞི་པོ་དེ་གཙོ་བོར་བཟུང་ནས་གནད་ལ་འཁེལ་བའི་སྒོ་ནས་སློབ་ཁྲིད་བྱས་ཏེ་སློབ་མའི་སྤྲོ་སྣང་དང་འཆར་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས།

གསུམ་པ། འོས་ཤིང་འཚམ་པའི་སློབ་ཁྲིད་ཀྱི་ཐབས་ཤེས་སྤྱོད་དགོས།

དགེ་རྒན་ག་གེ་མོས་རིག་ཚན་གང་ཞིག་འཆད་ཁྲིད་བྱེད་སྐབས་ཐབས་ཤེས་ཧ་ཅང་མང་པོ་ཡོད་པ་སྟེ། སྤྱིར་བཏང་གི་འཁྲིད་ཐབས་དང་། གཏམ་གྱི་ཐབས། འགྲེལ་བཤད་ཀྱི་ཐབས། དཔྱད་བརྗོད་ཀྱི་ཐབས་སོགས་སོགས་ཧ་ཅང་མང་པོ་ཡོད་པ་དེ་དག་འོས་ཤིང་འཚམ་པར་བེད་སྤྱད་ན་གཅིག་ནས་སློབ་ཁྲིད་ཀྱི་ཐབས་ཤེས་རྐྱང་པས་སློབ་མའི་ཉན་འདོད་རང་བཞིན་དང་སློབ་སྦྱོང་བྱེད་པའི་སེམས་ཤུགས་ལ་སྐྱོན་མི་རྒྱག་པ་དང་། གཉིས་ནས་འཁྲིད་བྱའི་ནང་དོན་དང་འཚམ་པའི་ཐབས་ཤེས་སྤྱད་ན་སློབ་མའི་རང་འགུལ་རང་བཞིན་དང་ཉན་འདོད་རང་བཞིན་སོགས་འཕེལ་བར་གལ་ཆེའི་ནུས་པ་ལྡན་ཡོད་།

བཞི་པ། འོས་ཤིང་འཚམ་པའི་སློབ་ཁྲིད་ཀྱི་རམ་སྐྱོར་ལག་ཆ་བེད་སྤྱོད་བྱེད་དགོས།

བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་སྤྱི་ཚོགས་འདིར་སློབ་གསོ་སློབ་ཁྲིད་ཀྱི་རམ་སྐྱོར་ལག་ཆ་ཧ་ཅང་མང་པོ་ཡོད། དེ་ཡང་དགེ་རྒན་གྱིས་འཁྲིད་བྱའི་ནང་དོན་དང་འབྲེལ་བ་བྱས་ཏེ་རང་ཉིད་ཀྱི་དགོས་མཁོ་དང་བསྟུན་ནས་སློབ་ཁྲིད་ཀྱི་རམ་སྐྱོར་ལག་ཆ་བཟོས་ཏེ་བེད་སྤྱོད་ཡག་པོ་བྱས་ན་ཕྱོགས་གཅིག་ནས་སློབ་ཁྲིད་ཀྱི་ཕན་ནུས་ཆེ་བ་དང་། ཕྱོགས་གཞན་ཞིག་ནས་དུས་ཚོད་ཅུང་ཐུང་བའི་ནང་སློབ་མས་འཁྲིད་བྱའི་ནང་དོན་ཏེ་ཁོང་དུ་ཆུད་དགོས་ངེས་ཀྱི་ཤེས་བྱ་ཡིད་ལ་བརྟན་པོར་ངེས་ཐུབ་པ་སོགས་ཀྱི་དགེ་མཚན་ལྡན་ནོ།

མདོར་ན། རྨང་གཞིའི་སློབ་གསོ་སྒྱུར་བཅོས་མཐར་ཕྱིན་པ་དང་ཡང་དག་པ་བྱེད་དགོས་ན། སློབ་ཁྲིད་བྱེད་མཁན་དགེ་རྒན་གང་ཞིག་ལ་ཆེད་ལས་ཤེས་བྱ་ལྡན་དགོས་པ་ཕུད། འོས་ཤིང་འཚམ་པའི་སློབ་ཁྲིད་ཀྱི་དམིགས་ཡུལ་ཡོད་དགོས་ལ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དེང་དུས་ཀྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བྱས་ཏེ་སློབ་ཁྲིད་ཀྱི་ནང་དོན་དག་འཚོ་བ་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་ཁྲིད་བྱས་ན་སློབ་མས་བོད་སྐད་ཡིག་གི་སློབ་ཚན་གྱི་ནང་དོན་དག་ཁོང་དུ་བརྟན་པོ་ཆུད་པའི་རྨང་གཞིའི་ཁར། སློབ་ཁྲིད་ཀྱི་རྩ་བའི་རིན་ཐང་བཞི་པོ་མངོན་འགྱུར་བྱེད་ཐུབ་པ་ནི་སྨོས་མེད་རེད་སྙམ་མོ།

གོང་དུ་བརྗོད་པའི་ལྟ་བར་སྐྱོན་དང་ནོར་འཁྲུལ་ཡང་ཡོད་སྲིད་པས་མཁྱེན་ལྡན་པ་རྣམས་ནས་ནོར་འཁྲུལ་སྐྱོན་འཛུགས་ཡོད་པ་ཞུ།

(འདམ་གཞུང་རྫོང་ཀོང་ཐང་ཤང་ལྟེ་བའི་སློབ་ཆུང་གི་ ལྷག་པ)