《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

དེ་བས་དམ་ནན་གྱི་སྒོ་ནས་ཏང་ལ་དོ་དམ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ།

—— ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་སྒྲིལ་གླེང་།

ད་ཕན་ལོ་ཤས་རིང། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་ལས་དོན་གྱི་ཕུལ་བྱུང་སྲོལ་རྒྱུན་དང་ཉམས་མྱོང་བྱེད་ཐབས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། སྲིད་ཁྲིམས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། ཏང་ཀྲི་པུའུ་ཚད་ལྡན་དུ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། བྱེད་ཐབས་སྣ་མང་སྤྱད་ནས་ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ། ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་གྱི་ནང་དོན་དང་བྱེད་ཐབས་གསར་པ་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་དང་སྲིད་ཁྲིམས་ལས་དོན་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྲིད་ཁྲིམས་ལས་དོན་འཕེལ་རྒྱས་འགྲོ་རྒྱུར་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱས་ཡོད།

འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས།

ཇུས་ཤུགས་མཉམ་འདོན་གྱི་འཐབ་ནུས་རྣམ་པའི་ལས་ཁུངས་བཏོད་པ།

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ལས་ཁུངས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་འགན་འཁྲི་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཨུ་ལྷན་གྱི་དྲུང་ཆེས་པན་ཀྲང་གི་སྤྱི་འགན་འཁུར་བ་དང་། ཚན་ཁག་ཁོངས་མིས་ཁག་བགོས་འགན་འཁུར་བ། ལས་ཁུངས་ཏང་ཨུད་ཀྱིས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཁྲུའུ་དང་ཁང་གི་འགན་འཁུར་བས“ལས་གནས་གཅིག་དང་འགན་འཁྲི་གཉིས”འགན་འཁྲིའི་མ་ལག་བཅས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད། 《ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་ཁུངས་ཏང་འཛུགས་སྐྱོང་ལས་དོན་གྱི་རྩ་གནད》བཟོས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱ་རྒྱུ་དེ་དམིགས་ཚད་དང་ལས་འགན་གལ་ཆེར་བརྩིས་པ་མ་ཟད། སྲིད་ཁྲིམས་ལས་དོན་དང་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་ཞིབ་བཤེར། མཉམ་དུ་དཔྱད་ཞིབ། མཉམ་དུ་སྐུལ་འདེད་བཅས་བཏང་ཡོད། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཁག་དང《ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱི་ལོ་འཁོར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་ཚད་འགན་འཁྲིའི་ཡི་གེར》རིམ་གྱིས་མིང་རྟགས་བཀོད་དེ་ཏང་འཛུགས་སྐྱོང་གི་དམིགས་ཚད་འགན་འཁྲི་དོན་འཁྱོལ་དང་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་མཁན་དམ་འཛིན་ནན་པོ་བྱས་པ་རེད།

ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས།

ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ཆབ་སྲིད་རྣམ་པའི་ལས་ཁུངས་བཏོད་པ།

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་སྣེ་ཁྲིད་དམག་ཡག་པོ་ཞིག་བྱས་ཤིང་། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས《ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར》དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ཡོད། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་དཔུང་ཁག་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་བྱང་ཚད་ལྡན་པའི་སྲིད་ཁྲིམས་དཔུང་ཁག་བསྐྲུན་པའི”ཆེད་དོན་སློབ་གསོ་བཅོས་སྒྲིག་གོ་སྐབས་སུ་བྱས་ཏེ་ཏང་ཀྲི་པུའི་ཏང་ཡོན་གྱི་ཆབ་སྲིད་བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་ནས“བྱ་གཞག་ལ་མུ་མཐའ་མེད་པ་དང་སློབ་སྦྱོང་ལ་མུ་མཐའ་མེད་པའི”རྣམ་པ་ཟབ་མོ་བཏོད་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་མཁན་གྱི“སྔོན་སྐྱོད་པ”ཡག་པོ་ཞིག་བྱས་ཏེ་སྔ་རྗེས་སུ་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་ཐེངས་གཅིག་དང་། ལས་ཁུངས་ཀྱི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་གཉིས། སློབ་གསོའི་རྟེན་གཞིར་ལྟ་སྐོར་ཐེངས་ལྔ། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་ཟུར་ཁྲིད་ཐེངས་གཉིས་བཅས་བྱས་ཡོད།

ལས་སྒྲུབ་ཀྱི་རྣམ་པ་ཟབ་ཏུ་བཏང་ནས།

གསར་གཏོད་རྣམ་པའི་ལས་ཁུངས་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་ཀྱིས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཏང་འཛུགས་སྐྱོང་ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད། ལས་ཁུངས་ཀྱི་སྒྲིག་གཞི་སྒྱུར་བཅོས་དང་ལས་ཁུངས་ཀྱི་ཁྲུའུ་དང་ཁང་ཁག་གི་འགན་ནུས་གཞིར་བཟུང་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ཏང་ཀྲི་པུའུ་བཙུགས་པ་དང་ཏང་ཀྲི་པུའུ་དགུ་ལེགས་སྒྲིག་དང་གྲབས་འཛུགས་བྱས་པ་རེད། 2020ལོའི་ཟླ་བ་གསུམ་པར་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་ཁུངས་མི་སྣའི་ལེགས་སྒྲིག་གནས་ཚུལ་གཞིར་བཟུང་། ལས་ཁུངས་ཏང་ཨུད་དང་ལས་ཁུངས་སྒྲིག་ཨུད་སྐབས་བརྗེ་འདེམས་བསྐོ་བྱས་པ་དང་ཏང་དོན་ལས་དོན་ལ་རྒྱུས་མངའ་ཆེ་བའི་བློ་མཐུན་ལས་ཁུངས་ཏང་ཨུད་དང་ལས་ཁུངས་སྒྲིག་ཨུད་ལ་བཀོད་སྒྲིག་བྱས་ཏེ། ལས་ཁུངས་ཏང་འཛུགས་སྐྱོང་གི་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་ཡོད། ཏང་འཛུགས་སྐྱོང་ལས་དོན་ཁྱབ་ཁོངས་ནང་མང་ཚོགས་ཚོགས་པའི་ལས་དོན་སྤྱི་འདོམས་བཀོད་སྒྲིག་བྱ་རྒྱུ་མཐའ་འཁྱོངས་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩ་འཛུགས་ལས་ཁུངས་བཟོ་ཚོགས་ཀྱི་ཚོགས་མི་དང་། གཞོན་ནུ་སྡེ་ཚོགས། བུད་མེད་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ཏེ་འོས་འགན་ཤིང་འཛུགས་ནགས་བཟོ་དང་། ཕྱོགས་བསྡུས་བཅོས་སྐྱོང་དྲིལ་བསྒྲགས། ཁྲིམས་སྐྱོང་དྲིལ་བསྒྲགས། ཕུལ་བྱུང་གློག་བརྙན་ལྟ་བ། རིག་གནས་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་ཆེད། ལས་ཁུངས་ཏང་ཨུད་ཀྱིས་ལས་ཁུངས་ཀྱི་བཟོ་ཚོགས་དང་། གཞོན་ནུ་སྡེ་ཚོགས་ཨུ་ལྷན། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་མང་ཚོགས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ལས་ཁུངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་བཙུགས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད། ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་ཁག་བགོས་སྒྲིག་འཛུགས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་རུང་མ་ཤང་གི་འབྲེལ་གཏུགས་ས་ཚིགས་གསུམ་དང་ཆ་འགྲིག་རོགས་སྐྱོར་བྱེད་སྒོ་སྤེལ་བ་དང་འབྲེལ་མ་དངུལ་སྒོར་ཁྲི་8.35རོགས་རམ་བྱས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རང་རྟོགས་རང་མོས་དང་འཁོས་དཔག་ལས་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ས་གནས་ཀྱི་ཏང་ཡོན་87སྒྲིག་འཛུགས་བྱས་ནས་རང་མོས་ངང་སྒོར་9360ཞལ་འདེབས་བརྒྱབ་ནས་ཧུའུ་པེའི་རིམས་འགོག་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་པ་ཕན་གྱིས་ཞུས)