《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

མེ་ཏོག་ལྡུམ་ར་ཁྱིམ་གྱི་སྒོ་རྩར་སྐྲུན། ཡོང་འབབ་གསོག་པར་ཕྱི་ལ་འགྲོ་དགོས་མེད།

—— བྲག་ཡིབ་ཆུས་བུ་ཆུ་ཤང་ཁ་བཏགས་གྲོང་ཚོའི་ཞིང་ལས་ལྟ་སྐོར་གླིང་གི་མཐོང་ཐོས།

འདི་ནི་ཁ་བཏགས་གྲོང་ཚོའི་མང་ཚོགས་ཀྱིས་ཤིང་ཏོག་ལན་མེ་འདེབས་འཛུགས་རྟེན་གཞིར་ལན་མེ་འཐུ་བཞིན་པ།

དབྱར་དུས་ཀྱི་སིལ་རླུང་ལྡང་བ་དང་སྦྲགས་གསར་འགོད་པ་བུ་ཆུ་ཤང་ཁ་བཏགས་གྲོང་ཚོའི་ཀོང་པོའི་མེ་ཏོག་ཞིང་ལས་སྣོད་བཅུད་ལྟ་སྐོར་གླིང་དུ་བསྐྱོད་སྐབས་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ཆིལ་དུ་བཞད་པ་དང་དྲི་ཞིམ་གང་སར་འཐུལ་ཏེ་གྲོང་མི་དང་པར་རྒྱག་ལ་དགའ་བའི་མི་མང་པོ་དེར་ལྟ་བར་ཡོང་ནས་པར་རྒྱག་ལ་རོལ་བཞིན་མཆིས།

མེ་ཏོག་ལྡུམ་རའི་ནང་མེ་ཏོག་ལ་གཡོག་བྱེད་བྱེད་མཁན་གྱིས་རྒྱ་སེ་མེ་ཏོག་ལ་གཡོག་བྱེད་བྱེད་བཞིན་ཡོད་པ་དང་ཤིང་ཏོག་ལན་མེ་དཔེ་སྟོན་འདེབས་འཛུགས་རྟེན་གཞིར་བུད་མེད་6གིས་ཤིང་ཏོག་ལན་མེ་འཐུ་བཞིན་ཡོད། ད་དུང་ལས་མི་ཚོས་ཐོན་སྐྱེད་འཁོར་ཁང་ནང་དགའ་སྤྲོའི་ངང་ལུག་མིག་མེ་ཏོག་ཇ་ལ་ཐུམ་རྒྱག་བཞིན་ཡོད།

“ང་ཚོས་དྲི་ཞིམ་འཐུལ་བའི་རྒྱ་སེ་མེ་ཏོག་འཐུས་རྗེས་འཕྲལ་མར་མཛོད་ཁང་ནང་བཅུག་སྟེ་རྒྱ་སེ་མེ་ཏོག་ཇ་དང་རྒྱ་སེ་མེ་ཏོག་དྲི་ཞིམ་དག་རྫས་སོགས་བཟོ་ཡི་ཡོད། ཐོན་རྫས་དེ་དག་དྲ་བ་བརྒྱུད་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད”ཅེས་མེ་ཏོག་ལྡུམ་རའི་ནང་རྒྱ་སེ་མེ་ཏོག་གི་ལོ་མ་འཐུ་བཞིན་པའི་ལྡུམ་རའི་ལས་མི་ཞིག་གིས་གསར་འགོད་པར་ངོ་སྤྲོད་བྱས།

ཀོང་པོའི་མེ་ཏོག་ཞིང་ལས་ལྟ་སྐོར་གླིང་ནི་ས་མཐོའི་མེ་ཏོག་དང་ཤིང་ཏོག་ལན་མེ་འདེབས་འཛུགས་བྱ་རྒྱུ་ཚུད་པའི་གྲོང་གསེབ་ཀྱི་སྣོད་བཅུད་ཞིང་ལས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་ཤིག་རེད། རྟེན་གཞི་དེའི་ས་བཟུང་རྒྱ་ཁྱོན་མུའུ་340ལྷག་ཙམ་ཟིན་པ་དང་དེར་གྲོང་གསེབ་ཀྱི་ཡུལ་སྐོར་གསར་སྤེལ་དང་། རྒྱ་སེ་མེ་ཏོག ལུག་མིག་མེ་ཏོག ལན་མེ་འདེབས་འཛུགས་བཅས་དང་དེ་བཞིན་ཐོན་རྫས་སྣ་ཚོགས་ཞིབ་འཇུག་གསར་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་ཡོད།

“ང་ཚོས་ས་ཆ་ནང་བཤུག་དང་། མང་ཚོགས་ཀྱིས་ལས་མི་རྒྱུག་པ། ཡུལ་སྐོར་བས་ལྟ་སྐོར་བྱེད་པ་བཅས་ཀྱི་ཡུལ་སྐོར་རྣམ་པ་བརྒྱུད། ཀོང་པོའི་མེ་ཏོག་ལྡུམ་ར་དེ་བསྐྲུན་ནས་གྲོང་གསེབ་ཀྱི་རྣམ་པ་མཛེས་སྡུག་ལྡན་པར་གྱུར་བ་མ་ཟད། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡང་ཡངས་སུ་བཏང་ཡོད། མེ་ཏོག་ལྡུམ་ར་ཁྱིམ་གྱི་སྒོ་རྩར་བསྐྲུན་པས་ཕྱིར་ཡོང་འབབ་གསོག་པར་འགྲོ་དགོས་མི་འདུག སླད་ཕྱིན་འཚོ་བ་སྔར་བས་ཇེ་ཡག་ཏུ་འགྲོ་ངེས་རེད”ཅེས་བུ་ཆུ་ཤང་རྡོ་སྟེང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དར་མཆོག་གིས་བཤད། (པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

“ཤིང་ཏོག་ལན་མེའི་གླིང་དུ་ལས་ཀ་བྱེད་སྐབས་ཤིང་ཏོག་འཐུ་བའི་སྤྲོ་བ་མྱོང་རོལ་ཐུབ་པ་མ་ཟད། ཕྱིར་གླ་པ་རྒྱུག་དགོས་མེད་པར་ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག་ཐུབ་པས་དངོས་གནས་དགའ་པོ་འདུག”ཅེས་ཁ་བཏགས་གྲོང་ཚོའི་གྲོང་མི་ལྷ་མོས་གསར་འགོད་པར་བཤད།

ཉེ་བའི་ལོ་ཤས་རིང་བྲག་ཡིབ་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་མི་སེར་གྱི་ཡོང་འབབ་གསོག་པའི་ཐབས་ལམ་ཡངས་སུ་བཏང་བ་དང་གྲོང་གསེབ་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་རང་བརྟེན་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱས་པ་དང་། ཡུལ་སྐོར་གྱི་ཐོན་ཁུངས་བསྡུ་སྒྲིལ་དང་ཁྱད་ལྡན་ས་མཐོའི་ཐོན་ལས་ལྷན་སྦྱར་བྱས་ནས་བུ་ཆུ་ཤང་ཁ་བཏགས་གྲོང་ཚོ་དེ་དུས་རབས་གསར་པའི་གནད་སྨིན་དབུལ་སྐྱོར་གྱི་དཔེ་མཚོན་དུ་ཧུར་ཐག་འགྱུར་བར་བྱས་ཡོད། ད་ཆ་ཀོང་པོའི་མེ་ཏོག་ཞིང་ལས་གླིང་གི་རྣམ་གྲངས་ནས་ཁ་བཏགས་གྲོང་ཚོར་ས་ཆའི་བོགས་དངུལ་སྒོར་ཁྲི་160ལྷག་ཙམ་དང་གྲོང་མི་དུད་ཚང་21ལ་ཡོང་འབབ་སྒོར་ཁྲི་5ཙམ་རག་ཡོད། མིག་སྔར་རིམ་རྩིས་བྱས་ན་ས་གནས་དེ་གའི་གྲོང་མི་བསྡུས་ནས་ངལ་ནུས་ཉིན་ཐེངས་700ལྷག་བཏོན་པ་དང་དེའི་ནང་གྲོང་ཚོ་དེ་ག་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་5བསྡུས་ཏེ་ལས་ཀ་ཉིན་300ལྷག་ཙམ་བྱས་པ་རེད།

“བུ་ཆུ་ཤང་ཁ་བཏགས་གྲོང་ཚོས་ཀོང་པོའི་མེ་ཏོག་ཞིང་ལས་ལྟ་སྐོར་གླིང་བཏོད་པ་ནི་ཐོན་ལས་འཁོར་སྦྲེལ་གྱི་འགོ་འཛུགས་པ་ཙམ་ཞིག་ཡིན་པ་དང་། ཕྱིས་སུ་ང་ཚོས་ཞིང་ལས་ཡུལ་སྐོར་ལྟ་སྐོར་གླིང་ལ་བརྟེན་ནས་ཤིང་ཏོག་འཐུ་བ་དང་ལྟ་སྐོར་མྱོང་རོལ་སོགས་ཀྱི་རྣམ་གྲངས་བརྒྱུད་ཉིང་ཁྲི་གྲོང་ཁྱེར་གྱི་བག་གོས་པར་རྒྱག་རྟེན་གཞིར་འགྱུར་བ་བྱ་རྒྱུ་ཡིན”ཞེས་བུ་ཆུ་ཤང་ཁ་བཏགས་གྲོང་ཚོའི་མེ་ཏོག་ཞིང་ལས་སྣོད་བཅུད་ལྟ་སྐོར་གླིང་གི་འགན་འཁུར་བ་ཝང་ཨའོ་ཡིས་བཤད།