《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月17日

སྤྱོད་ཚུལ་དེ་བས་ཏན་ཏིག་ངང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་ནུས་ཤུགས་ཡོད་རྒུས་གདོང་མཆོང་བྱེད་དགོས།

—— རང་རེའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད་པའི་སྐོར་གྱི་གླེང་ཐེངས་བརྒྱད་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་མི་དམངས་ལྟེ་བར་འཛིན་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ཕུལ་དུ་བྱུང་བའི་སྤྱོད་ཚུལ་ལ་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་དགོས་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་དགོས་པའི་ནན་བཤད་གནང་བ་རེད། སྤྱོད་ཚུལ་གྱི་གནད་དོན་དེ་ཏང་གི་གཟུགས་བརྙན་དང་ཚེ་སྲོག་དང་འབྲེལ་བ་ཡོད་པ་དང་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཕམ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་སྤུས་ཚད་དང་འབྲེལ་བ་ཡོད། དེང་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པས་དེ་ནི་ཨམ་བརྩིགས་བསྡམས་དགོས་པའི་དུས་སྐབས་དང་། དབུགས་བསྒོམས་ནས་ངར་ཤུགས་སྒྲིམ་པའི་དུས་སྐབས། སྙིང་སྟོབས་འགྲན་བསྡུར་བྱེད་པའི་དུས་སྐབས་བཅས་རེད་ལ་དེ་བས་སྤྱོད་ཚུལ་ལ་ཚོད་བགམ་བྱེད་པའི་དུས་སྐབས་ཤིག་ཀྱང་རེད། མཁྲེགས་སར་གཏུག་ཕོད་པ་དང་སྒྲུབ་དགོས་ངེས་ཀྱི་ལས་འགན་ལེགས་སྒྲུབ་བྱེད་པར་ང་ཚོས་ངེས་པར་དུ་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པའི་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཐོག་དཀའ་སྒྲུབ་དངོས་སྒྲུབ་ལ་བརྟེན་ནས་མི་དམངས་ཀྱི་ཁས་ལེན་ཐོབ་པ་དང་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་རྒྱུགས་ལན་ཞིག་འབུལ་དགོས།

ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་དགོས། སྤྱོད་ཚུལ་གྱི་གནད་དོན་ནི་ངོ་བོའི་ཐོག་ནས་ཏང་གཤིས་ཀྱི་གནད་དོན་ཞིག་རེད། དད་སེམས་ནི་རྩ་བ་དང་སྤྱོད་ཚུལ་ནི་བྱ་སྤྱོད་ཡིན་པས་དད་སེམས་བརྟན་པོ་བྱུང་ཚེ་སྤྱོད་ཚུལ་ཏན་ཏིག་ཡོང་བ་དང་དད་སེམས་བརྟན་པོ་མེད་ཚེ་སྤྱོད་ཚུལ་ཏན་ཏིག་ཡོང་མི་སྲིད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“མཐའ་མའི་འགག་གནད”དེ་ཡག་པོ་སྒྲོལ་བར་ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ཏེ་སློབ་སྦྱོང་བྱས་འབྲས་དེ་གཡོ་འགུལ་མི་ཐེབས་པའི་ཕུགས་བསམ་དད་སེམས་སུ་འགྱུར་བ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) བསམ་བློའི་སྒྲོན་མེར་བརྟེན་ནས་གདོང་མཆོང་གི་ལམ་བུར་འོད་སྣང་སྦྱིན་པ། དད་སེམས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མཇུག་བསྡུའི་དམག་འཐབ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། བོད་ཀྱི་ས་བབ་མཐོ་མོད། འོན་ཀྱང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚད་གཞི་དེ་བས་མཐོ་བ་དང་། བོད་ཀྱི་ཆ་རྐྱེན་དམིགས་བསལ་ཆེ་མོད། འོན་ཀྱང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་རྒོལ་གཙང་སྤེལ་བྱེད་པར་དམིགས་བསལ་གང་ཡང་མེད་པ། བོད་ཀྱི་གསོ་རླུང་དཀོན་ལ་རླུང་གནོན་དམའ་མོད། འོན་ཀྱང་ཕུགས་བསམ་དད་སེམས་བརྟན་པ་དང་ཏང་གི་སྒྲིག་ཁྲིམས་ལག་བསྟར་གྱི་ཚད་གཞི་དམའ་རུ་མི་གཏོང་བ་བཅས་ཀྱི་བསམ་བློ་བརྟན་པོར་བཙུགས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ལ་སྣང་ཆེན་དང་། སྤྱི་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་སྲུང་བ་བཅས་བྱས་ནས་ཏང་གཤིས་ཞུན་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བསམ་པའི་འཚོ་བཅུད་ཁ་གསབ་འདང་ངེས་བྱས་ཏེ་ཕུགས་བསམ་དད་སེམས་བརྟན་པོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་བྱ་སྤྱོད་དངོས་ལ་ཁྲིད་སྟོན་བྱེད་དགོས།

ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་ཞུན་བརྡར་བྱས་ཏེ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་གིས་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་དང་དུས་རབས་གསར་པའང་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་རེད”ཅེས་བསྟན་གནང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་ལས་དོན་སྔོན་ལ་སྒྲུབ་པ་དང་ཏན་ཏིག་ལ་བརྟེན་ནས་མཐིལ་འདེགས་པ། དངོས་སྒྲུབ་ཡོང་བར་ཤུགས་རྒྱག་པ། གྲུབ་འབྲས་དངོས་ལ་བརྟེན་ནས་ལམ་བུ་འབྱེད་པ། བྱས་རྗེས་དངོས་ལ་བརྟེན་ནས་སྐད་ཆ་ཤོད་པ་བཅས་བྱེད་དགོས། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་འཛིན་གྱིས་ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་དང་སྲ་བརྟན་དུ་གཏོང་བ་དང་། དམངས་འཚོ་སྟོན་ཕྱོགས་སུ་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན། མང་ཚོགས་ཀྱི་མྱོང་ཚོར་ཟབ་པ་དང་ཚུར་སྣང་ལན་ཆ་ཆེ་ཤོས་ཀྱི་བྱ་བ་ནས་འགོ་འཛུགས་པ་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པ་དང་ཁ་ཚ་དགོས་གཏུགས་ཀྱིས་ཐག་གཅོད་བྱེད་དགོས་པའི་དམངས་འཚོའི་གནད་དོན་ནས་དག་ཐེར་མཐའ་འཁྱོངས་བྱེད་པ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་ཕན་པ་དངོས་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་བྱེད་པ། བརྩེ་སེམས་འཆང་བཞིན་དུ་དམངས་ཀྱི་འདུན་པ་དང་བསྟུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་ལ་ཁེ་ཕན་དོན་གཉེར་བཅས་ཀྱི་དོན་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ་བཅས་བྱས་ནས་བྱིས་པར་སློབ་གསོ་ཐོབ་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ངལ་རྩོལ་ལ་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་ལ་རོགས་སྐྱོར་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཡང་དག་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་པ་དང་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་བྱེད་པའི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་ངར་ཤུགས་འཕེལ་བར་བྱེད་པ་དང་། སྲིད་སྐྱོང་ནུས་མེད་དང་སྲིད་སྐྱོང་སྒྱིད་ལུག་གི་སྣང་ཚུལ་མཐའ་གཅིག་ཏུ་བཅོས་སྒྲིག་ནན་པོ་བྱེད་པ། རྒྱ་ཆེའི་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་བ་ཡོང་ཐབས་བྱེད་དགོས།

ཉམས་སད་ཐེག་པའི་སྤྱོད་ཚུལ་ལ་ཞུན་བརྡར་བྱས་ཏེ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལ་རྒྱལ་ཁ་ཕུ་ཐག་གཅོད་པར་ངེས་པར་དུ་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཞི་རིམ་ལ་སྣུར་སྲིང་བྱེད་པར་སྐུལ་འདེད་གཏོང་དགོས། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་འགན་ལེན་བྱེད་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་རིག་པ་དྭངས་གསལ་གྱིས་དུས་བབ་ལ་ངོས་འཛིན་བྱེད་རིང་། ངེས་ཤུགས་དང་ངར་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པར་སློབ་སྦྱོང་དང་གོ་བ་ལེན་རིང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་གསར་པར་བརྟེན་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་དགོས། དམ་འཛིན་ལྷོད་མེད་དང་སྤུ་གྲི་མཐོན་པོར་བཏེགས་ཏེ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་མང་ཚོགས་ཀྱི་འགྲམ་དུ་ཐོན་པའི་རུལ་སུངས་ཆུང་ཙག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་དང་ལས་བྱེད་པའི་སྲིད་སྐྱོང་སྒྱིད་ལུག་དང་འགན་འཁྲི་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པར་མི་དགོས་ལས་རྙོག་བཟོ་བ་སོགས་ཀྱི་སྣང་ཚུལ་བཅོས་སྒྲིག་ནན་པོ་བྱེད་དགོས། “སྤྱོད་ཚུལ་བཞི”ཡིས་བཀག་འགོག་ཏང་སེམས་དང་དམངས་སེམས་བརྟན་དུ་གཏོང་བའི་ཐབས་ལམ་གལ་ཆེན་ལ་བརྩིས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་བཅོས་སྒྲིག་ནན་པོ་བྱེད་དགོས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་ཏན་བསྒྲུབས་ཏེ་སྒྲིག་ཁྲིམས་དམ་དྲང་ལ་བརྟེན་ནས་ལམ་ལུགས་སྲུང་སྐྱོང་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ཀྱི་གཅུན་འདོམས་བྱེད་ཤུགས་དང་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རགས་ཆེན་བརྟན་པོ་སྐྲུན་དགོས།

བྱ་བ་མཐའ་དག་ཞིབ་ཚགས་སྒྲུབ་དགོས་ཚེ་ཏན་ཏིག་སྒྲུབ་པ་གལ་འགངས་ཆེ་ལ་དེ་བས་གཟབ་ནན་བྱེད་དགོས། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་གཡུལ་ས་དེ་ཐོག་མའི་བསམ་འདུན་དང་འགན་འཁྲིར་ཞུན་བརྡར་བྱེད་པ་དང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་རྒྱུགས་རར་བརྩི་བ་དང་ཕུགས་བསམ་དད་སེམས་བརྟན་པོ་དང་ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་གཏོང་བའི་དམག་སྦྱོང་བྱ་ཡུལ་དུ་བརྩིས་ཏེ་འགན་འཁྲི་ཆེན་པོ་འཁུར་བ་དང་དྲུད་པའི་ཤུལ་དང་བྱས་པའི་རྗེས་ཐོན་པར་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

(བསོད་བདེས་བསྒྱུར། སྐལ་མཆོག་གིས་ཞུས)