《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月16日

རང་སྐྱོང་ལྗོངས་ཀྱི“མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བའི་འཆད་ཁྲིད་ཁག་བརྒྱ་སློབ་གྲྭར་བྱེད་པའི”སྒྲོག་འགྲེལ་ལ་རང་ལྗོངས་ཀྱི་སློབ་མའི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་རིང་། རང་སྐྱོང་ལྗོངས་ཀྱི“མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བའི་འཆད་ཁྲིད་ཁག་བརྒྱ་སློབ་གྲྭར་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་ལྗོངས་ཡོངས་ཀྱི་སློབ་འབྲིང་ཁག་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མར་དམིགས་ནས་གོ་རིམ་ལྡན་པའི་ངང་གཏིང་ཟབ་སྤེལ་བ་རེད། བྱེད་སྒོར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་ནང་དོན་གཙོ་བོར་བྱས་ནས་སྒྲོག་འགྲེལ་བྱས་ཤིང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་ཆགས་པར་བྱས་ཏེ་མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད། སྒྲོག་འགྲེལ་བྱེད་སྒོར་དགེ་སློབ་ཁག་གི་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས། མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་བརྟན་པོ་འཛུགས་པ་དང་ཡང་དག་པའི“ལྟ་བ་གསུམ”ཆགས་པར་བྱས་ནས་ཚད་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པར་ཧུར་ཐག་འགྱུར་བར་བྱས་ཏེ། སྔར་བས་མཛེས་སྡུག་ལྡན་པའི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

རང་སྐྱོང་ལྗོངས་ཀྱི“མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བའི་འཆད་ཁྲིད་ཁག་བརྒྱ་སློབ་གྲྭར་བྱེད་པའི”སྒྲོག་འགྲེལ་བྱེད་སྒོ་གཞིས་རྩེའི་ས་ཚུགས་དང་པོ་རིན་སྤུངས་རྫོང་སློབ་འབྲིང་དུ་བྱས་པ་རེད། བྱེད་སྒོ་སྤེལ་རིང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་རིམ་པ་དང་པོའི་སྐོར་གཟིགས་པ་ཏིང་ཡུང་གིས་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བའི་ནང་དོན་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་དོན་ཟབ་ལ་གོ་བདེ་བའི་ངང་འགྲེལ་བཤད་བརྒྱབ་པ་རེད།

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོར་ལྗོངས་ཏང་ཨུད་ཀྱི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀུའོ་ཡུས་ལུང་གིས་སློབ་གྲྭ་ཡོངས་ཀྱི་སློབ་མ་600ལྷག་ཙམ་ལ་སྒྲོག་འགྲེལ་བྱས་ཤིང་། ཚིག་ཉུང་དོན་འདུས་ཀྱི་སྒོ་གནས་འགྲེལ་བཤད་བརྒྱབ་པས་སློབ་ཕྲུག་རྣམས་ཀྱིས་གོ་བ་ལེན་བདེ་བ་དང་བློ་ལ་ངེས་བདེ་པོ་བྱུང་ཡོད། སློབ་གྲྭ་དེ་གའི་སློབ་མ་བསོད་ནམས་མཚོ་མོས། སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ནང་ང་ཚོས་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱིས་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བར་བརྟེན་ནས་རང་ཉིད་ཀྱི་བྱ་སྤྱོད་ལ་མཛུབ་ཁྲིད་བྱས་ཏེ་ཚད་ལོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ན་གཞོན་གསར་པ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད།

སྒྲོག་འགྲེལ་བ་ཡེ་ཆུང་གིས་འཆད་ཁྲིད་ཕུན་སུམ་ཚོགས་པོ་བྱས་པ་དེ་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཡོངས་ཀྱི་གླེང་གཞིར་གྱུར་ཅིང་། སློབ་གྲྭ་དེའི་སློབ་མ་བསོད་ནམས་བསྟན་འཛིན་གྱིས“འདི་ནི་མི་སེམས་ལ་ཟུག་པའི་སློབ་ཚན་ཞིག་རེད། རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བར་བརྟེན་ནས་འཇིག་རྟེན་ལ་ངོས་འཛིན་དང་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པ་དེས་ང་ཚོ་མི་སྒེར་སྐྱོན་བྲལ་འཚར་ལོངས་ཡོང་བ་དང་ཐ་ན་ཕ་ཡུལ་གྱི་ཕུགས་ཀྱི་འཕེལ་རྒྱས་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད”ཅེས་བརྗོད་པ་རེད།