《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月16日

བོད་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་གིས།

བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་ཐོབ་པའི་གྲུབ་འབྲས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་ཡིན་ཞེས་བརྗོད་པ།

ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་ཞེ་བཞི་པའི་ཚོགས་འདུའི“སྤྲིན་ཐོག་གི་ཞར་བྱུང་ཚོགས་འདུ”ཡི་གྲས་ཤིག་ཡིན་པའི“བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན”གྱི་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུ་ཁྲུང་ཆིང་དུ་འཚོགས་པ་རེད། ཀྲུང་གོ་དང་། ཕ་ཁི་སི་ཐན། ནེ་པ་ལ་སོགས་རྒྱལ་ཁབ་ཀྱི་བོད་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བགྲོ་གླེང་ནང་ཞུགས་ཤིང་། ཚོགས་ཞུགས་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་ཐོབ་པའི་གྲུབ་འབྲས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་ཡིན་པ་དང་དེ་ནི་བསྔགས་བརྗོད་བྱེད་འོས་པ་ཞིག་ཡིན་ཞེས་བརྗོད་པ་རེད།

བགྲོ་གླེང་ཚོགས་འདུ་འདི་ཉིད《བོད་ཀྱི་དབུལ་སྒྲོལ་གྲུབ་འབྲས་དང་མ་འོངས་སྔོན་དཔག》དང《བོད་ཀྱི་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས》ཞེས་པའི་བརྗོད་དོན་ཆེན་པོ་གཉིས་ལས་གྲུབ་ཡོད། བགྲོ་གླེང་ཚོགས་འདུའི་ཐོག་འཚོ་གནས་ཀྱི་དབང་ཆར་ཆ་མཚོན་ན། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྨན་བཅོས་བྱེད་སྐབས་སྔར་བས་སྟབས་བདེ་པོ་དང་ཚེ་སྲོག་ལ་འགན་ལེན་བྱུང་བ་དང་། འཕེལ་རྒྱས་ཀྱི་དབང་ཆར་ཆ་མཚོན་ན། འགྲིམ་འགྲུལ་དང་། ཆུ་གློག (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) འཕྲིན་གཏོང་སོགས་དེ་བས་འཐུས་སྒོ་ཚང་དུ་ཕྱིན་པ། སློབ་གསོར་ཆ་མཚོན་ན། སློབ་ལོ་ལོན་པའི་བྱིས་པ་ཡིན་ཕྱིན་ཚང་མ་སློབ་ཞུགས་ཐུབ་པ། རིག་གནས་ལ་ཆ་མཚོན་ན། ལོ་རྒྱུས་རིག་གནས་དང་གནའ་ཤུལ་ལ་སྲུང་སྐྱོང་གང་ལེགས་ཐུབ་པ་དང་འབྲེལ་འཕེལ་རྒྱས་ཀྱང་བྱུང་བ། ཆོས་དད་རང་མོས་ལ་ཆ་མཚོན་ན། བཅའ་ཁྲིམས་ཀྱིས་མི་ཚང་མར་ཆོས་དད་རང་མོས་ཡོང་བའི་འགན་ལེན་བྱས་པ་མ་ཟད། རྒྱལ་ཁབ་ཀྱིས་ད་དུང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁག་དང་ལྷག་དོན་དུ་རིག་དངོས་ལ་རྒྱུན་མི་ཆད་པར་ཉམས་གསོ་བྱས་ཡོད་ཅེས་བསྟན་པ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཀྲུང་གོའི་མཐའ་མཚམས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་སུན་ཧུང་ཉན་གྱིས་2019ལོའི་ལོ་མཇུག་ཏུ། བོད་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་བྱུང་བ་དང་། རྫོང(ཆུས)དབུལ་པོ་74ཚང་མའི་དབུལ་ཞྭ་ཕུད་པ། མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་སུ་སོང་བ། འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་བྱུང་བ་བཅས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་རེད་ཅེས་གསུངས་ཤིང་། ཁོང་གིས། བོད་ཀྱི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་2017ལོ་ནས་བཟུང་ཞིང་འབྲོག་མང་ཚོགས་སྨན་ཁང་དུ་བསྡད་པའི་སྨན་རིན་རྩ་ཆག་གི་སྲིད་ཇུས་ལག་ལེན་བསྟར་བས་ཞིང་འབྲོག་མང་ཚོགས་སྨན་བཅོས་བྱེད་སྐབས་སྟབས་དེ་བས་བདེ་རུ་ཕྱིན་ཡོད་ཅེས་དཔེ་དྲངས་ནས་གསུངས་པ་རེད།

ནེ་པ་ལའི་དེ་སྔའི་ཉེན་རྟོག་ཧྲུའུ་ཡི་མཐོ་རིམ་ཉེན་རྟོག་དཔོན་མི་དམངས་ཏང་གི་འགོ་ཁྲིད་གཙོ་གྲས་གཡོད་ཀེ་ཧྲེན་ཝ·ལུའོ་ཅི་ཤིས་སྨི་ཡིས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་བྱུང་ནས་མི་རེའི་ཆ་སྙོམས་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་སོང་ཡོད། ང་ཚོས་ལོ་དེ་དག་རིང་བོད་ཀྱི་སློབ་གསོ་དང་། སྨན་བཅོས། འགྲིམ་འགྲུལ་སོགས་འཕེལ་རྒྱས་བྱུང་བ་དང་བོད་ཡིག་དང་། བོད་རིགས་ཀྱི་རིག་གནས། ཆོས་ལུགས་སོགས་ཚང་མར་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་ཡོད། བོད་ཀྱི་སྔོན་མའི་རྗེས་ལུས་རྣམ་པ་ད་ནས་བཟུང་བསྐྱར་དུ་ཐོན་མི་སྲིད་ཅེས་གསུངས་པ་རེད།

ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ཚན་ཞིབ་དོ་དམ་པུའི་པུའུ་ཀྲང་ཀྲོའུ་ལིས། ཉེ་དུས་བོད་ཀྱི་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་ལ་བརྟག་ཞིབ་བྱེད་པར་བསྐྱོད་པ་ཡིན། ཉེ་བའི་ལོ་ཤས་རིང་བོད་དུ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་སྣོད་བཅུད་གནས་སྤོའི་ལས་དོན་སྤེལ་འགོ་བཙུགས་ཏེ། ས་བབ་སྨི་བཞི་སྟོང་ལྔ་སྟོང་ཡན་དུ་འཚོ་བ་སྐྱེལ་བ་དང་རྨང་གཞིའི་འཕེལ་རྒྱས་ཀྱི་ཆ་རྐྱེན་མ་འཛོམས་པའི་ས་ཁུལ་གྱི་གྲོང་མི་ས་བབ་ཅུང་དམའ་བའི་ས་ཁུལ་དུ་གནས་སྤོས་བྱས་ཡོད། གནས་སྤོས་ལས་དོན་ཧྲིལ་པོ་མང་ཚོགས་ཀྱི་བསམ་འདུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སྤེལ་བ་དང《གྲོང་སྲོལ་དམངས་ཆིངས》བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་བཀོད་དེ་རེ་རེ་བཞིན་ཡུལ་མིར་བརྡས་ཐག་གཅོད་དུ་བཅུག་ཡོད་ཅེས་གསུངས་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ད་དུང་བསྟན་དོན། བོད་དུ་མི་རིགས་ཁག་གི་མང་ཚོགས་ཀྱིས་སྔར་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་གི་ཡོད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་ཚུན་དུ། ཀྲུང་དབྱང་སྲིད་གཞུང་གིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་14ལྷག་ཙམ་བཏང་སྟེ། བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱས་ཡོད་པ་རེད།

“སྤྱི་ཚོགས་འཕེལ་རྒྱས་ཅི་འདྲ་བྱུང་མིན་དང་འགྲོ་བ་མིའི་ཐོབ་ཐང་ཅི་འདྲ་ཡོད་མིན་སྐོར་ལ་སྐད་ཆ་ཤོད་དབང་ལྡན་ཤོས་ནི་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་དག་རེད། མི་དམངས་མང་ཚོགས་བློ་ཡིད་ཚིམ་པོ་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེན་པོ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་རེད། བོད་ཀྱི་ཕྱོགས་ཁག་ལ་ཐོབ་པའི་གྲུབ་འབྲས་ནི་མིག་ལྡན་ཀུན་གྱིས་མཐོང་གསལ་རེད”ཅེས་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་ལག་བསྟར་ཡོན་ཧྲི་ཀྲང་ཡུང་ཧོ་ཡིས་གསུངས་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)