《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月16日

ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཚེས་8ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ནས་འཚོགས་ཏེ་ཐོན་ལས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཞིང་འབྲོག་པའི་ལས་ཞུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་ལས་སྟེགས་འཛུགས་སྐྲུན་བྱས་ཚུལ་གསན་པ་མ་ཟད། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲོའུ་དང་། ཀྲང་ཡུང་ཙེ། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ། ཕུར་བུ་དོན་གྲུབ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཆེ་དགྲ་ལྷས་བསྟན་དོན། རང་སྐྱོང་ལྗོངས་ཀྱི་ཐོན་ལས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ལྷག་པར་དུ་ཞིང་འབྲོག་པའི་ངལ་ནུས་གཞན་སྒྱུར་ལས་ཞུགས་ལ་དམ་པོར་དམིགས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྲིད་ཇུས་ཀྱི་འགན་ལེན། སྡེ་ཚན་གྱི་མཉམ་འགུལ་སོགས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) ལས་ཞུགས་ལས་སྟེགས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གཞུང་གི་མ་འཇོག་ལས་གྲྭའི་རྣམ་གྲངས་ལ་གང་ལེགས་བརྟེན་ནས་སྒྲིག་འཛུགས་ཡོད་པའི་སྒོ་ནས་གནས་གཏན་འཁེལ་གྱི་ཕྱིར་གཏོང་བཅས་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་གྲངས་འབོར་དང་སྤུས་ཚད་འགན་ལེན་བྱས་ཡོད། མིག་སྔར་ངལ་ནུས་ཁྲོམ་རའི་བྱེད་པོ་6758གྲོང་ཚོར་ཁྱབ་པ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་46.1ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་37.5བྱུང་ཡོད།

ཆེ་དགྲ་ལྷས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངོས་འཛིན་མཐོར་གཏོང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོའི་བདེ་རྩ་ལེགས་གཏོང་། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མ་མགྱོགས་མྱུར་གསར་སྤེལ་བྱ་རྒྱུ་དེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བའི་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། གཙོ་གནད་མངོན་པར་བྱས་ཏེ་དུས་རབས་གསར་པའི་ནུས་རྒྱུའི་ལས་དོན་གྱི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་པ་དང་། ནུས་རྒྱུ་གསར་སྤེལ་གྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་སྒྲིག་བཟོ། འགག་རྩའི་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། མ་འཇོག་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ། ཞིང་འབྲོག་པ་ལས་མི་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་བསྡུ་ཧུར་ཐག་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བཅས་བྱེད་དགོས་པ། དོན་འཁྱོལ་ལ་དམ་འཛིན་གྱིས་རྩ་འཛུགས་ཀྱི་འགོ་ཁྲིད་དང་། སྤེལ་རེས་སྦྲེལ་མཐུད། སྐུལ་འདེད་དང་དཔྱད་ཞིབ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་བསམ་བློ་གཅིག་གྱུར་དང་། དམིགས་ཚད་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཡོང་བའི་འགན་ལེན་བྱས་ཏེ་རང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དུས་རབས་གསར་པའི་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

(པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)