《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

ལྗོངས་ཏང་ཨུད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་13ཉིན་གནས་ཚུལ་འབྱོར་གསལ། ཚེས་13ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་དང་རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་དང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་དག་ཐེར་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ཉན་པ། གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། ལྗོངས་ཏང་ཨུད་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། རང་སྐྱོང་ལྗོངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་ལིའུ་ཅང་བཅས་ཚོགས་འདུར་ཕེབས་པ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

ཚོགས་འདུའི་ཐོག《མཚོ་བོད་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་དང་འདི་ལོ་ཤར་ཚུན་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་ལ་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན》དང《ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཏན་འབེབས》སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་དོན་སྤེལ་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་སྐོར་གྱི་གྲོས་འགོ་དང་སྙན་ཞུ་ཉན་པ་མ་ཟད། ད་དུང་ཚོགས་ཞུགས་མི་སྣས་གྲོས་བསྡུར་བྱས་པ་དང་གཏམ་བཤད་ཀྱང་སྤེལ་བ་རེད།

ཝུའུ་དབྱིང་ཅེས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་རྒྱུན་ཆད་མེད་པར་དམ་ནན་དུ་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་རང་ལྗོངས་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཁོང་གིས་གྲུབ་འབྲས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ལས་བྱུང་བ་ཞིག་རེད། དེའི་ནང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་དཀའ་སྤྱད་རྔུལ་ཆུ་འདུས་ཡོད་ཅེས་བསྟན་གནང་བ་རེད།

ཝུའུ་དབྱིང་ཅེས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་མགྱོགས་མྱུར་སྐྲུན་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་རྒྱུ་གཙོ་རྐང་དུ་འཛིན་པ་དང་། “མཚོ་བོད་ས་མཐོའི་སྣོད་བཅུད་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་འབུལ་བ་ཞིག་ཡིན”ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་གལ་ཆེན་བློ་ལ་བརྟན་པོར་ངེས་པ། སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་བརྟན་པོར་སྲུང་བ། ལས་ཀ་བྱེད་ཐུབ་པ་དང་། བྱེད་ཤེས་པ། འགྲུབ་པ་བཅས་ཀྱི་ཡིད་ཆེས་ཀྱི་བསམ་པ་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ནས་འཛམ་གླིང་གི་དག་ཞིང་མཐའ་མ་འདི་ཉིད་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

གཅིག་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་པ། རང་བྱུང་ཁམས་ལ་བརྩི་མཐོང་དང་། རང་བྱུང་ཁམས་ལ་བསྟུན་མཁས། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ། སྣོད་བཅུད་སྲུང་སྐྱོང་དང་དམངས་ཕྱུག་དམངས་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། སྲུང་སྐྱོང་སྔོན་ལ་འཇོག་པ་དང་འཛུགས་སྐྲུན་གལ་ཆེ་མཉམ་འཛིན་བྱེད་པ། སྣོད་བཅུད་ཞིང་འབྲོག་དང་། ནུས་རྒྱུ་གཙང་མ། རིག་གནས་ཡུལ་སྐོར་བཅས་གཙོ་བོར་བཟུང་བའི་ལྗང་མདོག་ཐོན་ལས་ཀྱི་མ་ལག་སྐྲུན་པ་བཅས་བྱས་ནས་བོད་ཀྱི་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་རུ་སྣོད་བཅུད་ཀྱི་ཕན་འབྲས་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་མུ་མཐུད་ཐོན་པ་བྱེད་དགོས་པ་དང་། “འདང་ངེས་ཡོད་པ་དང་། སྤྱོད་གོ་ཆོད་པ། སྤྱོད་ཡུན་རིང་བ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཤིང་། བྱ་བ་གང་ཞིག་ཡིན་ཡང་དེ་སྒྲུབ་རིང་དོན་དངོས་ལ་གཞི་འཛུགས་པ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་པ། སྣོད་བཅུད་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་མང་ཚོགས་དབུལ་པོ་སྣོད་བཅུད་འཛུགས་སྐྱོང་དང་སྲུང་སྐྱོང་ནང་ཞུགས་པའི་ཁྲོད་སྣོད་བཅུད་ཀྱིས་འཚོ་གོས་སྐྱོང་བ་དང་ཕྱུག་པོར་འགྱུར་བར་བྱེད་དགོས། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། དཔེ་མཚོན་སྔོག་འདོན་བྱེད་པ། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་ཁོར་ཡུག་ལ་གཅེས་སྤྲས་བྱེད་པའི་ཁྲིད་སྟོན་བྱེད་དགོས།

གཉིས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་དུ་ཏན་ཏིག་གཏོང་དགོས་པ། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་མུ་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་མཚམས་རེའི་ལས་འགན་གཙོ་བོ་གསལ་པོ་བཟོ་བ་དང་། བརྒྱུད་རིམ་དབྱེ་བ་དང་གོ་རིམ་ལྡན་པའི་སྒོ་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ། རི་ཆུ་དང་། ནགས་ཞིང་། རྩྭ་མཚེའུ་བཅས་ལ་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་གྱི་སྣོད་བཅུད་སླར་གསོ་བྱེད་པ། ཆ་རྐྱེན་ཡོད་པའི་ས་ཁུལ་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་སྐྱེ་ཤིང་ཡོད་པའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། རླུང་ཁམས་ཆེ་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱེད་པ། ས་མཐོའི་སྣོད་བཅུད་མ་ལག་གི་བརྟན་པོའི་རང་བཞིན་མུ་མཐུད་སྲ་བརྟན་དུ་གཏོང་བ། མིག་སྔར་འདམ་རྡོའི་ཆུ་རུད་དང་། རི་ཉིལ་བ། འཁྱིལ་མཚོ་སོགས་ཀྱི་རང་བྱུང་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས།

གསུམ་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་དཔེ་སྟོན་ཁུལ་འཛུགས་གཏོད་ཤུགས་ཆེན་བྱེད་དགོས་པ། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེལ་དཔལ་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ལ་བརྩིས་ཏེ། “བྱ་སྤྱོད་ཆེན་པོ་དྲུག”ཤུགས་ཆེན་སྤེལ་བ་དང་། “འདུ་འགོད་ཁག་བཅོ་བརྒྱད”ལག་བསྟར་གཏིང་ཟབ་བྱེད་པ། སྣོད་བཅུད་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཞིབ་ཚགས་བྱེད་པ་བཅས་བྱས་ཏེ་བོད་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་གཏོང་དགོས།

བཞི་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ། 2019ལོའི་ལོ་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་ཕན་འབྲས་དཔྱད་ཞིབ་ལས་དོན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱེད་པ་དང་། དམིགས་སའི་རང་བཞིན་གྱི་སྒོ་ནས་2020ལོའི་ལོ་འཁོར་གྱི་དཔྱད་ཞིབ་སྤུས་ཚད་མཐོར་གཏོང་ལས་དོན་ཡག་པོ་བསྒྲུབས་ཏེ། བོད་ཀྱི་ཁོར་ཡུག་གི་སྤུས་ཚད་ལེགས་པོར་བརྟེན་ནས་ཁོར་ཡུག་མཛེས་པོ་ཡོང་བར་རེ་བའི་མང་ཚོགས་ཀྱི་དགོས་མཁོ་སྐོང་དགོས། དུས་མཚུངས་སུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། དམངས་འཚོའི་ཕྱོགས་སྟོན་འབུར་དུ་ཐོན་པ། ལས་ཀ་བྱེད་སྟངས་ལ་འགྱུར་ལྡོག་གཏོང་བ། མང་ཚོགས་ལ་དཀའ་ངལ་དངོས་སེལ་རོགས་བྱེད་པ། དོན་དངོས་ལ་གཞི་ཚུགས་ཏེ་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ཡག་པོ་སྒྲུབ་པ། ཏོག་གསར་གློ་ཚད་རིམས་ནད་ལས་ཕོག་པའི་ཤུགས་རྐྱེན་ཁྱད་བསད་བཅས་བྱས་ཏེ་ཐོན་སྐྱེད་དང་འཚོ་བ་སླར་གསོ་ཡོང་བ་བྱེད་དགོས།

ལྔ་ནས་དེང་རབས་ཀྱི་ཁོར་ཡུག་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་ཤུགས་རྒྱག་དགོས་པ། སྣོད་བཅུད་ཤེས་དཔལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་བྱེད་པ། བོད་ཀྱི་དོན་དངོས་དང་འཚམས་པའི་དཔྱད་ཞིབ་སྟོན་གྲངས་ཀྱི་མ་ལག་འཛུགས་པ། ཁོར་ཡུག་བཅོས་སྐྱོང་གི་འགོ་ཁྲིད་ཀྱི་འགན་འཁྲིའི་མ་ལག་དང་། ཁེ་ལས་ཀྱི་འགན་འཁྲིའི་མ་ལག དམངས་ཡོངས་བྱ་སྤྱོད་ཀྱི་མ་ལག ལྟ་སྡོམ་གྱི་མ་ལག ཁྲོམ་རའི་མ་ལག ཡིད་རྟོན་གྱི་མ་ལག བཅའ་ཁྲིམས་དང་ཁྲིམས་སྲོལ་སྲིད་ཇུས་ཀྱི་མ་ལག་བཅས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

ཝུའུ་དབྱིང་ཅེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལས་དོན་དེ་ཉིད་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ཏེ། སྒྱུར་བཅོས་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཉེ་འགྲམ་གྱི་སྣོད་བཅུད་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཁག་གཅིག་ཐག་གཅོད་ནུས་ལྡན་བྱས་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ་དང་ལྟ་བཤེར་སྒྲུབ་གཉེར་ལ་ཤུགས་སྣོན་བརྒྱབ་སྟེ་དག་ཐེར་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་རེས་སྐོར་དང་པོའི་དག་ཐེར་ཁས་ལེན་དག་ལག་ལེན་ཐུབ་པ་བྱེད་དགོས། རེས་སྐོར་དང་པོའི་ལྟ་ཞིབ་ལས་དོན་ལ་གཞོགས་འདེགས་བྱས་པའི་ཉམས་མྱོང་དང་བྱ་ཐབས་བཟང་པོ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་གཙོ་གནད་ནང་དོན་དང་། གོ་རིམ། ལྷུ་ཚིགས་ཁག་གི་ལས་ཀའི་བླང་བྱ་བཅས་དང་ཟུང་འབྲེལ་བྱས་ཏེ། གོམ་སྟབས་རྗེས་མའི་ལྟ་ཞིབ་གྲ་སྒྲིག་ལས་དོན་ཏན་ཏིག་སྒྲུབ་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཞིབ་འཇུག་ཁང་དང་འབྲེལ་ཡོད་སྡེ་ཚན་གྱིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་གླེང་མང་བའི་གནད་དོན་ལ་དམིགས་ནས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་སྟེ། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་མཐུན་སྦྱོར་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རང་རང་སོ་སོའི་འགན་འཁྲི་ལྟར་ཞིབ་ཕྲའི་ལས་དོན་སྒྲུབ་པ། ལས་དོན་སྒྲུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པ་བཅས་བྱས་ནས་ལས་ཀའི་གྲུབ་འབྲས་དངོས་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་ལུགས་མཚོན་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

(སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)