《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月15日

འབད་འབུངས་སྟོབས་བརྩོན་གྱིས་ཆབ་མདོའི་ལེའུ་གསར་པ་རྩོམ་པ།

ཆབ་མདོར་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། གྲོང་ཁྱེར་ཡོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་རྒྱུ་སྤྱི་འདོམས་སུ་བྱས་པའི་ཁར། དབུལ་སྒྲོལ་དང་། སྣོད་བཅུད། གྲོང་གསེབ་དར་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྐུལ་འདེད་བཏང་ཡོད། མིག་སྔར། དཔལ་འབྱོར་དར་རྒྱས་དང་། སྤྱི་ཚོགས་འཆམ་མཐུན། སྣོད་བཅུད་བཟང་བ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པའི་རྣམ་པ་གསར་རྐྱང་ཞིག་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་དང་འགྱུར་བཞིན་ཡོད།

དབུལ་སྒྲོལ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རིང་ངེས་པར་དུ་སྒྲུབ་དགོས་པའི་འཕྲལ་སྒྲུབ་ལས་འགན་ཞིག་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེ་ཀྲང་ཁྲེན་ཅུན་གྱིས་གསར་འགོད་པར། 2019ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11གི་དབུལ་ཞྭ་ཕུད་ཅིང་། རིམ་རྩིས་ལྟར་ན་མི་འབོར་དབུལ་པོ་ཁྲི་19.46ཉུང་དུ་ཕྱིན་པ་དང་། གྲོང་ཚོ་དབུལ་པོ་1127དབུལ་སྒྲོལ་ཐུབ་པ། དབུལ་པོ་ཐོན་ཚད་ཡོད་པ་ནས་མེད་པར་གྱུར་ཡོད། ཆབ་མདོ་གྲོང་ཁྱེར་དུ་དབུལ་པོ་དབུལ་རྐྱང་མེད་པ་ལོ་རྒྱུས་ཐོག་གི་ཐེངས་དང་པོ་མངོན་འགྱུར་བྱུང་བ་དང་ཞིང་འབྲོག་མང་ཚོགས་ལ་ཕན་པ་དངོས་མང་པོ་ཐོབ་ཡོད། འོས་འགན་སློབ་གསོར་ཕྱོགས་ཡོངས་ནས་འགན་ལེན་ཐུབ་པ་དང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) གཞི་རྩའི་སྨན་བཅོས་ལ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་པ། སྡོད་ཁང་བདེ་འཇགས་ལ་ཕྱོགས་ཡོངས་ནས་འགན་ལེན་ཐུབ་པ། རྨང་གཞིའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ། མང་ཚོགས་ཀྱི་ཡོང་འབབ་ཕྱོགས་ཡོངས་ནས་མཐོ་རུ་སོང་བ། ཏང་གི་བཀའ་དྲིན་ཚོར་བའི་མང་ཚོགས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ཆབ་མདོས་སྲིད་ཇུས་ཀྱི་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་དང་། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་གྱི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། དབུལ་སྒྲོལ་ལ་སྟབས་བསྟུན་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཕྱོགས་བཞིར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་གལ་ཆེན་གྱི་གྲས་ཤིག་རེད། ཁྲེན་ཅུན་གྱིས། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཁོར་ཡུག་སྲུང་སྐྱོང་དེ་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་མཉམ་གནས་དང་མཉམ་འདྲེས་སྐུལ་འདེད་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱུང་ཡོད། མང་ཚོགས་ཀྱི་གད་སྙིགས་གཙང་སེལ་དང་། ཆུའི་ཁོར་ཡུག་གི་སྤུས་ཚད། མཁའ་རླུང་སྦགས་བཙོག་ཚོད་འཛིན་བཅས་ཀྱི་བློ་ཡིད་ཚིམ་ཚད་ཆ་སྙོམས་བྱས་ན་93%ཡན་ཟིན་པ་དང་སྣོད་བཅུད་ཀྱི་ཕན་པ་མུ་མཐུད་ཐོན་ཡོད། 2019ལོར་གྲོང་ཁྱེར་དང་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་8.3%འཕར་བ་དང་། ཞིང་འབྲོག་པའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་7.2%འཕར་བ། ཡུལ་སྐོར་ཡོང་འབབ་དུས་མཚུངས་ལས་18%འཕར་ནས་དཔལ་འབྱོར་ལྗང་མདོག་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

ཁྲེན་ཅུན་གྱིས་ཆབ་མདོར་ཆུའི་ཐོན་ཁུངས་དང་ཉི་འོད་ནུས་པའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་རྒྱུན་མཐུད་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་རེད། གོམ་སྟབས་རྗེས་མར་ཆབ་མདོས་སྣོད་བཅུད་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་འདོམས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་སྲུང་སྐྱོང་གི“དུས་མཚུངས་གསུམ”གྱི་ལམ་ལུགས་ནན་དུ་གཏོང་བ། སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ་སོགས་ཐད། ཆུ་གློག་དང་འོད་སྐུད་སོགས་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་བའི་གོམ་སྟབས་མགྱོགས་སུ་བཏང་སྟེ་རྒྱལ་ཁབ་ཀྱི“ནུབ་གློག་ཤར་གཏོང”གི་རྒྱུན་མཐུད་རྟེན་གཞི་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

གྲོང་གསེབ་དར་རྒྱས་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་རྒྱུས་ཀྱི་ལས་འགན་གལ་ཆེན་ཞིག་རེད།

ཁྲེན་ཅུན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཆབ་མདོ་གྲོང་ཁྱེར་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བ་དང་། ཐོན་ལས་འཕེལ་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་སོགས་ཐད་འཚོལ་ཞིབ་ནུས་ལྡན་བྱས་ཏེ། ཞིང་འབྲོག་ལས་ཀྱི་རྨང་གཞིའི་གནས་བབ་སྔར་བས་སྲ་བརྟན་དུ་བཏང་བ་དང་། འབྲུ་རིགས་ཐོན་འབབ་བརྟན་པོའི་ངང་འཕར་བ། ཞིང་འབྲོག་ལས་ཀྱི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། ཞིང་འབྲོག་པའི་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་དང་འཚོ་བའི་ཆུ་ཚད་མུ་མཐུད་གོང་མཐོར་ཕྱིན་པ་བཅས་ལས་གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་བརྟན་པོའི་ངང་སྤོས་ཡོད་ཅེས་བརྗོད་པ་རེད།

ཁྲེན་ཅུན་གྱིས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་ཡོང་བའི་རྩ་བའི་ཇུས་གཞི་ཞིག་དང་ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་ཀྱི་ལྟེ་བ་དང་བྱ་གཞག་ཁག་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་འགག་རྩའི་འདེགས་སྐྱོར་ཞིག་རེད། སླད་ཕྱིན་ལོ་ལྔའི་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་བྱ་རྒྱུའི་ཡིད་དབང་འགུག་རྒྱུ་དང་། གྲོང་གསེབ་གྱི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་འདེགས་སྐྱོར་བྱ་རྒྱུ། ཐོན་ལས་འཁོར་འབྲེལ་གཏོད་རྒྱུ་སོགས་ཐད་མུ་མཐུད་ཤུགས་བརྒྱབ་ནས། ཐོན་ལས་འཕེལ་རྒྱས་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་དང་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

(བསོད་ནམས་དཔའ་མོས་བསྒྱུར། སྤེན་ཚེས་ཞུས)