《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月13日

ལེགས་བཙའ་ལེགས་གསོའི་སྲིད་ཇུས་དར་སྤེལ་གཏོང་དོན་གང་ཡིན་ནམ།

ཚང་མས་རང་ཉིད་ལ་ཕྲུ་གུ་གཟུགས་པོ་ཐང་ལ་སྤྱང་གྲུང་ལྡན་པ་ཞིག་དགོས་འདོད་བྱེད་ཀྱི་ཡོད། སྐྱེ་དངོས་ཀྱི་ཐད་ནས་བརྗོད་ན། མི་ཞིག་གི་གཟུགས་པོ་ཐང་བ་དང་། སྤྱང་གྲུང་ལྡན་པ། མི་ཚེ་རིང་བ་བཅས་ནི་གཟུགས་གཞི་ཐང་པོ་ཡོད་པའི་རྟགས་མཚན་ཡིན་པ་དང་། དེ་ལས་ལྡོག་སྟེ་བླུན་ཞིང་རྨོངས་པ་དང་། གཟུགས་པོ་ཞན་ཞིང་ནད་མང་བ། ཚེ་ཐུང་བ་བཅས་ནི་གཟུགས་གཞི་ཐང་པོ་མེད་པའི་རྟགས་མཚན་རེད། འཚར་ལོངས་ཡོང་རིང་ལུས་སྦྱོང་དང་། འཚོ་བཅུད་ཁ་གསབ། རིག་གནས་སློབ་གསོ་བཅས་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེ་མིན་རིགས་རྒྱུད་དང་ལྷན་སྐྱེས་ཀྱི་རྒྱུ་རྐྱེན་གྱིས་ཀྱང་ནུས་པ་གལ་ཆེན་ཐོན་གྱི་ཡོད།

མི་རྒྱུད་ལེགས་སྒྱུར་རིག་པ་ནི་མི་སྤུས་ལེགས་སུ་གཏོང་བའི་གསར་དར་ཚན་རིག་ཅིག་ཡིན་ཞིང་། དེས་མི་སྒེར་དང་། ཁྱིམ་ཚང་། མི་རིགས་བཅས་དང་ཐ་ན་མིའི་རིགས་ཡོངས་ལ་དངོས་ཡོད་དང་རྒྱང་རིང་གི་ཤུགས་རྐྱེན་ལྡན་ཡོད། རྒྱུད་ཀྱི་ནད་རིགས་དང་ལྷན་སྐྱེས་ཀྱི་ནད་རིགས་དབང་གིས་གཟུགས་པོ་ཐང་པོ་མེད་པའི་བྱིས་པ་འབོར་ཆེན་མཐོང་རྒྱུ་ཡོད། ལྷན་སྐྱེས་ཀྱི་ནད་ལ་རིགས་3000ལྷག་ཙམ་ཡོད་པ་དང་། དེས་མི་ཁྲི་ཕྲག་མང་པོའི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད་ལ། ཕ་ཚ་བུ་རྒྱུད་ལའང་གནོད་འཚེ་བཟོ་གི་ཡོད། ལྷན་སྐྱེས་རང་བཞིན་གྱི་ནད་རིགས་ནི་ཕྲུ་གུ་དམར་འབྱར་འཆི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འཛམ་གླིང་ཡོངས་སུ་ལྷན་སྐྱེས་ཀྱི་འོན་ལྐུགས་བྱིས་པ་ཁྲི་བརྒྱ་ཡན་ཟིན་གྱི་ཡོད། དེ་དང་དུས་མཚུངས་མིའི་ལུས་པོའི་དབང་པོའི་ཆ་ཤས་དང་གྲུབ་ཆ་ཚང་མ་ནས་ལྷན་སྐྱེས་རང་བཞིན་གྱི་ནད་རིགས་འབྱུང་སྲིད།

རྒྱུ་རྐྱེན་གང་དག་གིས་སྐྱེས་པའི་ཁམས་དཀར་པོའི་སྤུས་ཚད་ལ་ཤུགས་རྐྱེན་བཟོ་གི་ཡོད་དམ།

དེང་རབས་རྒྱུད་འཛིན་རིག་པའི་ཞིབ་འཇུག་འཕེལ་རྒྱས་སོང་བ་དང་བསྟུན་ནས་ཕྲུ་གུ་ཡ་མ་གཟུགས་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་ནི་སྐྱེས་པའི་དབང་གིས་ཡིན་པ་ཤེས་ཡོད། སྐྱེས་པའི་ཁམས་དཀར་པོའི་སྤུས་ཚད་དེ་བུད་མེད་ལ་མངལ་ཆགས་ཐུབ་མིན་དང་འབྲེལ་བ་ཡོད་ལ། ཕྲུ་གུ་དམར་འབྱར་གྱི་གཟུགས་གཞི་བདེ་ཐང་དང་ཡང་འབྲེལ་བ་ཡོད།

ཐ་མག་གི་རྫས་འགྱུར་གྲུབ་ཆ་ཁག་གཅིག་གིས་སྐྱེ་འཕེལ་ཕྲ་ཕུང་གི་རྒྱུད་འཛིན་དངོས་པོར་འགྱུར་ལྡོག་འགྲོ་ཡི་ཡོད། ཐ་མག་འཐེན་པའི་དུས་ཚོད་ག་ཚོད་ཀྱིས་རིང་བ་དང་ཐ་མག་འཐེན་ཚད་ག་ཚོད་ཀྱིས་མང་ན། སྤུས་ཚད་ཞན་པའི་ཁམས་དཀར་པོ་ཡང་མང་དུ་འགྲོ་ཡི་ཡོད་པར་བརྟེན། ལྷན་སྐྱེས་རང་བཞིན་གྱི་ཕྲུ་གུ་ཡ་མ་གཟུགས་ཆགས་ཚད་ཀྱང་མཐོ་ལ་ཕྲུ་གུ་དམར་འབྱར་འཆི་ཚད་ཀྱང་མཐོ་པོ་ཡོད།

ཡུན་རིང་ཆང་རག་བཏུངས་ནའང་ཁམས་དཀར་པོའི་སྤུས་ཚད་ཞན་དུ་འགྲོ་སྲིད། ཕྲུ་གུ་འཚར་ལོངས་འགོར་བ་མ་ཟད། སྤྱང་གྲུང་དོད་པོ་མེད་པ་དང་ཕྲུ་གུ་ཡ་མ་གཟུགས་ཀྱང་སྐྱེ་སྲིད།

རྫས་འགྱུར་དུག་རྫས་ཀྱི་རིགས་ཏེ། ཞ་ཉེ་དང་། པིན། ཞིང་སྨན་སོགས་འདུས་པའི་ཁ་ལག་མང་དྲགས་ན་སྐྱེས་པའི་སྐྱེ་འཕེལ་མ་ལག་ལ་གནོད་ཀྱི་ཡོད་པས། ཁམས་དཀར་པོའི་སྤུས་ཚད་ཞན་དུ་འགྲོ་སྲིད།

སྐྲན་འགོག་སྨན་དང་། ཀོག་ཧྥེའི་གཞི་རྒྱུ། གཅིན་འབེབས་སྨན་སོགས་ཀྱིས་ཕྲུ་གུ་བཙས་རྗེས་འཚར་ལོངས་འགོར་བ་དང་ཀླད་སྐྲན་སོགས་ཕོག་ཉེན་ཆེན་པོ་ཡོད།

སྦྲུམ་མས་གཅེས་ཉར་སྲོག་ཆགས་ལ་མང་པོ་རེག་རྒྱུ་མེད་པའི་རྒྱུ་མཚན་གང་ཡིན་ནམ།

ད་ལྟ་ཁྱིམ་ཚང་ཁག་གཅིག་གིས་ཁྱི་དང་ཞི་མི་ལ་སོགས་པའི་གཅེས་ཉར་སྲོག་ཆགས་གསོ་བར་དགའ་པོ་བྱེད་ཀྱི་ཡོད། ཞི་མི་དང་ཁྱིའི་ལུས་ལ་གཞུ་དབྱིབས་ཅན་གྱི་གཞན་རྟེན་སྲིན་འབུ་ཞིག་ཡོད་པ་དེར་དོ་སྣང་ཡོང་གི་མེད། གཞན་རྟེན་སྲིན་འབུའི་ནད་དེ་རིགས་ནི་མི་ཕྱུགས་གཉིས་ཀར་ཕོག་པའི་ནད་རིགས་ཤིག་རེད། སྤྱིར་བཏང་གི་མིར་ནད་དེ་འགོས་རྗེས་ནད་རྟགས་ཕྲན་བུ་ལས་མེད། འོན་ཀྱང་སྦྲུམ་མར་འགོས་རྗེས་གཞུ་དབྱིབས་ཅན་གྱི་སྲིན་འབུ་ཤ་མ་བརྒྱུད་ཕྲུ་གུའི་ལུས་པོར་འཛུལ་བ་དང་། དེའི་དབང་གིས་ཕྲུ་གུ་དམར་འབྱར་གྱི་མིག་དང་ཀླད་པར་གནོད་ནས་མགོ་ཆུང་བ་དང་མིག་ཆུང་བ་ལ་སོགས་པའི་ལྷན་སྐྱེས་དབང་སྐྱོན་མང་པོ་ཐོན་གྱི་ཡོད། ཚབས་ཆེ་བར་ཕྲུ་གུ་ཤོར་བའམ་ཡང་ན་ཁོག་པའི་ནང་ཤི་གི་ཡོད།

གཞུ་དབྱིབས་ཅན་གྱི་སྲིན་འབུ་དེ་རིགས་སྲོག་ཆགས་ཀྱི་བྲུན་ནང་ཡོད་ཅིང་། ཕག་པ་དང་ལུག་གི་བྲུན་ནང་དུའང་ཡོད། གལ་སྲིད་རྒྱུན་དུ་ཁ་ལག་མ་བཟས་གོང་དང་གསང་སྤྱོད་ལ་ཕྱིན་རྗེས་ལག་པ་མ་བཀྲུས་པ་དང་། གཞུ་དབྱིབས་ཅན་གྱི་སྲིན་འབུ་འདུས་པའི་ཤ་ཡག་པོ་མ་བཙོས་པར་ཟ་བ། གཞུ་དབྱིབས་ཅན་གྱི་སྲིན་འབུ་འདུས་པའི་ཆུ་འཐུང་བ་ལ་སོགས་བྱས་ན་སྲིན་འབུ་འགོ་སླ་པོ་ཡོད། མངལ་མ་ཆགས་གོང་དང་མངལ་འཁོར་རིང་སྦྲུམ་མས་རབ་བྱུང་ན་གཅེས་ཉར་སྲོག་ཆགས་ལ་རེག་རྒྱུ་མེད། ཤ་ཟ་དགོས་ན་ངེས་པར་དུ་ཚོས་པོ་ཟ་དགོས་པ་དང་། ཤ་རྗེན་པ་དང་བཙོས་མའི་ཚལ་གྲི་ལོགས་སུ་སྤྱོད་དགོས་ལ། ཆུ་གྲང་མོ་ཡང་འཐུང་རྒྱུ་མེད།