《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

ཡུན་ནན་ནས་སླེབས་པའི་མག་པ་ཞིག་གི་ཕྱུག་འགྱུར་ཐབས་ལམ།

རྫ་ཡུལ་རྫོང་ཚ་བ་རོང་ཤང་ལུང་ཕུག་གྲོང་ཚོར་གྲོང་མི་ཏོན་ཧའེ་ཧྲེང་གིས་གྲོང་མི་ཁ་ཤས་གླས་ནས་ཤ་མོ་རླམ་རྩྭ་ཕོ་སུལ་འཐོག་པའི་ལས་ལ་བྲེལ་བཞིན་མཆིས།

ཤ་མོ་རླམ་རྩྭ་ཕོ་སུལ་ནི་རྩ་ཆེའི་བཟའ་སྤྱོད་ཤ་མོ་ཞིག་ཡིན་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད། ཤ་མོ་རླམ་རྩྭ་ཕོ་སུལ་གྱི་སྐྱེས་འཚར་ཁོར་ཡུག་དམིགས་བསལ་དགོས་པས་སྐྱེས་འཚར་དུས་མཚམས་མི་འདྲ་བར་གཞིགས་ཏེ་དྲོད་ཚད་ཀྱི་ཆ་རྐྱེན་ཡང་འདྲ་གི་མེད། ལྷག་པར་དུ་ཚ་བ་རོང་ཤང་སྐམ་ཤས་ཆེ་བའི་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་རྒྱུད་དུ་གནས་པས། འདེབས་འཛུགས་དུད་ཚང་ལ་ལག་རྩལ་གྱི་རེ་བ་དེ་བས་མཐོ་པོ་ཡོད། “ད་ལོ་ལག་རྩལ་གྱིས་རྐྱེན་པས་མུའུ་རེའི་ཐོན་འབབ་མང་པོ་བྱུང་མ་སོང་། དུས་གོང་མུའུ་རེར་སྒོར་8000ལྷག་ཙམ་བཏང་ནས་མུའུ་རེ་ནས་སྤྱི་རྒྱ་200ཐོན་ཐུབ་པའི་སྔོན་དཔག་བྱས་ཡོད། མ་གཞི་སྔོན་དཔག་གི་ཚད་གཞི་ལོན་མེད་མོད། འོན་ཀྱང་མིག་སྔའི་ཁྲོམ་རའི་རིན་གོང་ལ་བལྟས་ན། མུའུ་རེ་ནས་ཡོང་འབབ་ཁེ་གཙང་སྒོར་ཁྲི་2.4ལྷག་ཙམ་འདུག”ཅེས་ཏོན་ཧའེ་ཧྲེང་གིས་བཤད།

ཏོན་ཧའེ་ཧྲེང་ནི་ཡུན་ནན་ནས་ཡོང་བའི་པའེ་རིཌ་ཀྱི་མག་པ་རེད། ཁོང་གི་ལོ་རྒྱུས་གྲོང་མི་ཚང་མས་ཤེས་ཀྱི་ཡོད། 1996ལོར་ཏོན་ཧའེ་ཧྲེང་ཡུན་ནན་ནས་ཚ་བ་རོང་ལ་སྨན་རྩྭའི་ཚོང་རྒྱག་པར་སླེབས་པ་དང་། ནུའུ་རིགས་ཀྱི་བུ་མོ་པད་མ་སྒྲོལ་དཀར་དང་ལས་འཕྲོའི་མདུད་པ་ཐེབས་ནས་ད་བར་ཚ་བ་རོང་ལ་བསྡད་པ་རེད། ལོ་20ལྷག་ཙམ་རིང་། ཁོང་གཉིས་ལ་ཕྲུ་གུ་གཉིས་བྱུང་ནས་དགའ་སྐྱིད་འཆམ་མཐུན་གྱི་འཚོ་བར་རོལ་བཞིན་ཡོད། ད་ཆ་ཏོན་ཧའེ་ཧྲེང་ལུང་ཕུག་བ་གཙང་གཙང་ཞིག་ཏུ་གྱུར་ནས་ནུའུ་སྐད་ཀྱང་ཆུ་རྒྱུག་རྒྱུག་ཤོད་ཐུབ་པས། ཁོང་ནི་ཡུན་ནན་ནས་ཡོང་བའི་པའེ་རིཌ་ཀྱི་མག་པ་རེད་ཟེར་ན་མི་ཀུན་ཡིད་ཆེས་དཀའ་བ་ཞིག་རེད།

ན་ནིང་བསམ་ཕོད་པ་དང་བྱེད་ཕོད་པའི་ཏོན་ཧའེ་ཧྲེང་དང་ཁོང་གི་བཟའ་ཟླས་མུའུ་30ཟིན་པའི་ཀྲུང་ལུགས་སྨན་རྩྭ་ཀྲུང་ལོའུ་འདེབས་འཛུགས་ཀྱི་རྣམ་གྲངས་འདུན་ཞུ་བྱས་པ་དང་རྣམ་གྲངས་དེས་གྲོང་ཚོའི་མང་ཚོགས་དབུལ་པོ་10ལྷག་ཙམ་གྱི་ཡོང་འབབ་གནད་དོན་ཐད་ཀར་ཐག་གཅོད་ཐུབ་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་1000བྱུང་ཡོད།

གྲོང་མི་ཚོས་རང་ལ་བཅངས་པའི་དྲིན་ཚོར་སྐོར་གླེང་སྐབས། ཏོན་ཧའེ་ཧྲེང་གིས་ངོ་ཚ་སྨིན་པོས“ད་ཆ་ང་ནི་ལུང་ཕུག་གྲོང་ཚོའི་ཁོངས་མི་ཞིག་ཡིན་པས་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་ལ་བརྟེན་ནས་ཡུལ་མི་སྤུན་ཟླ་འབྱོར་འབྲིང་ཕྱོགས་སུ་སྣེ་ཁྲིད་པའི་འགན་འཁྲི་ཡོད་ལ་འོས་འགན་ཡང་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག ཚང་མས་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་སྙིང་རུས་བྱས་ཚེ། ང་ཚོའི་འཚོ་བ་ཉིན་རེ་བཞིན་སྐྱིད་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཤད་པ་རེད།