《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

མི་རབས་གཉིས་ཀྱི་ལས་གཏོད་ཕུགས་འདུན།

—— སྒྲོལ་མ་བདེ་སྐྱིད་ཀྱི་ལས་གཏོད་གཏམ་རྒྱུད།

འདི་ནི་ལས་ཀ་བྱེད་བཞིན་པའི་སྒྲོལ་མ་བདེ་སྐྱིད(མདུན་གྱི་སྟར་པའི་གཡོན་གྱི་གཉིས་པ)ཡིན་པ།

སྒྲོལ་མ་བདེ་སྐྱིད་དང་ཁོང་གི་ཕ་ཚེ་དབང་བཀྲ་ཤིས་གཉིས་པོར་ཐུན་མོང་གི་ལས་རིགས་ཤིག་ཡོད་པ་ནི་གཉིས་ཀ་ཚོང་པ་རེད། འོན་ཀྱང་དུས་རབས་མི་འདྲ་བའི་མི་སྣ་གཉིས་ཀྱིས་མི་ཚེའི་མྱོང་བ་ཡང་མི་འདྲ་བ་བཏོད་ཡོད།

སྒྲོལ་མ་བདེ་སྐྱིད་ཀྱིས། ངའི་ཕ་ཚེ་དབང་བཀྲ་ཤིས་ནག་ཆུ་འབྲི་རུ་རྫོང་གི་གྲོང་ཚོ་དབུལ་པོ་ཞིག་ཏུ་སྐྱེས་ཤིང་། ལོ་ཞིག་ཞིང་ནང་དུ་ལས་ཀ་བྱེད་བཞིན་པའི་ཁོང་གིས་འཕྲུལ་འཁོར་གྱི་ལྡིར་སྒྲ་ཞིག་ཐོས་པས་མགོ་བོ་བཏེགས་ནས་ལྟ་སྐབས་ནམ་མཁར་འཕུར་བཞིན་པའི་གནམ་གྲུ་མཐོང་ཞིང་། སྐབས་དེ་དུས་ཁོང་གིས་རང་ཉིད་ཀྱི་གཞོགས་སུ་ཡོད་པའི་རོགས་པ་དང་རྒན་རབས་ཚོར“ངས་ཚོང་པ་ཞིག་བྱས་ཏེ་ངེས་པར་དུ་གནམ་གྲུར་སྡོད་ཐུབ་པ་བྱ་རྒྱུ་མ་ཟད། རྒྱལ་མོ་རྔུལ་ཆུ་ངོགས་གཉིས་པོའི་དབར་འབྲེལ་ཟམ་ཆེན་པོ་ཞིག་ཀྱང་རྒྱག་ཐུབ་པ་བྱེད་ཀྱི་ཡིན”ཞེས་ཤོད་མྱོང་ཡོད་ཅེས་བཤད།

1986ལོར་སློབ་ལ་དགའ་ཞིང་བརྩོན་པ་ཆེ་བའི་ཚེ་དབང་བཀྲ་ཤིས་འབྲི་རུ་སློབ་འབྲིང་ཐོན་ནས་ལན་ཀྲོའུ་གནམ་གཤིས་སློབ་ཆེན་དུ་རྒྱུགས་འཕྲོད་མོད། འོན་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་འཁོས་ཀ་ཞན་སྟབས་སློབ་ཡོན་སྤྲོད་རྒྱུ་ལྟ་ཞོག་ཐ་ན་ལམ་རིན་ཙམ་ཡང་འདོན་ཐབས་བྲལ་བས་གཅེན་གཅུང་གཉིས་པོ་བྱ་དཀའ་བྱེད་གཏད་དུ་གྱུར། སྐབས་དེ་དུས་གྲོང་ཚོའི་ཡུལ་མི་སྤུན་མཆེད་ཚང་མས་ཚེ་དབང་བཀྲ་ཤིས་ནང་སའི་སློབ་གྲྭ་ཆེ་མོར་རྒྱུགས་འཕྲོད་པ་ཤེས་འཕྲལ་ཚང་མས་ཚ་ཚ་འུར་འུར་ངང་མར་དང་ཕྱུར་བ་ལ་སོགས་ཁྱེར་ནས་ཁོང་ལ་སྐྱེལ་མ་ཞུ་བར་འོང་།

སྤྱང་གྲུང་འཛོམས་པའི་ཚེ་དབང་བཀྲ་ཤིས་ཀྱིས་གྲོང་པ་ཁྱིམ་མཚེས་ཚོས་སྤྲད་པའི་ཅ་དངོས་དག་ཁྱེར་ཏེ་འབྲི་རུ་ནས་ནག་ཆུར་བསྐྱོད་དེ། ནག་ཆུའི་མི་འདུ་འཛོམས་ཆེ་སར་མར་དང་ཕྱུར་བ་སོགས་དཀར་ཆུའི་ཐོན་རྫས་དེ་དག་བཙོངས་ཤིང་། དེ་དག་བཙོངས་པའི་དངུལ་ཁྱེར་ཏེ་མཚོ་བོད་གཞུང་ལམ་ནས་རླངས་འཁོར་ཞིག་བཀག་སྟེ་གོར་མོ་བརྒྱུད་ལན་ཀྲོའུ་རུ་སློབ་གཉེར་ལམ་བུར་ཆས། ལོ་4སློབ་སྦྱོང་བྱས་མཐར་ཚེ་དབང་བཀྲ་ཤིས་བདེ་བླག་ངང་སློབ་གྲྭ་ཐོན་ནས་ནག་ཆུར་ལས་ཀར་ཞུགས།

སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོ་ལས་ཆུང་དུས་ནས་ཚོང་པ་ཞིག་བྱེད་འདོད་པའི་ཚེ་དབང་བཀྲ་ཤིས་ཀྱིས་མཐར་ལས་དགོངས་ཞུས་ཏེ་བསགས་བསགས་གྲུང་གྲུང་དང་འབད་པ་ཆེར་སྐྱེད་བྱས་ཏེ་ཁེར་རྐྱང་གི་ཚོང་ཟོག་དུད་ཚང་ཞིག་ཏུ་གྱུར། ཚོང་རྒྱག་པའི་ལྷན་སྐྱེས་ཀྱི་ནུས་པ་དང་དཀའ་སྤྱད་འབད་འཐབ་ཕོད་པའི་སྙིང་རུས་ཡོད་རྐྱེན་ཚེ་དབང་བཀྲ་ཤིས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན། 2005ལོར་ཁོང་གིས་ལྷ་ས་ཁམས་བཟང་ཚོང་དོན་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་དང་། སྐབས་དེ་དུས་ཚེ་དབང་བཀྲ་ཤིས་ཏུང་ཧྲི་ཀྲང་དང་ཅིང་ལི་གཅིག་ལྕོགས་ཡིན་མོད། འོན་ཀྱང་ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འགན་འཁྲི་ཡེ་ནས་བརྗེད་མྱོང་མེད་ཅིང་། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཚོགས་དང་ཡུལ་མི་སྤུན་མཆེད་ཚོའི་དྲིན་ལན་འཇལ་གྱིན་ཡོད་ལ། དེ་བས་ཀྱང་ལྷག་བསམ་རྣམ་པར་དག་པའི་བསམ་པ་འཆང་བཞིན་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཚོར་སེམས་མཚོན་པར་བྱེད་ཀྱི་ཡོད།

“དགུ་བཅུ་ནང་སྐྱེས”ཀྱི་སྒྲོལ་མ་བདེ་སྐྱིད་ནི་ཚེ་དབང་བཀྲ་ཤིས་ཀྱི་བུ་མོ་གཅིག་པུ་དེ་ཡིན་ཞིང་། ཧུའུ་ནན་གཡོད་དབྱང་སློབ་འབྲིང་དང་པོ་འགྲིམས་དུས་ནས་ཁོང་ཏང་ནང་ཞུགས། དེའི་རྗེས་ནན་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་པ་དང་སླར་ཡང་སློབ་གྲྭ་དེའི་སློབ་གླིང་གིས་ཁོང་ཤང་ཀང་རྒྱ་ཡིག་སློབ་ཆེན་དུ་དངོས་སྦྱོང་བྱེད་པར་མངགས། 2014ལོར་སྒྲོལ་མ་བདེ་སྐྱིད་སློབ་གྲྭ་ཆེ་མོ་ཐོན་རུང་ཁོང་གིས་གཞུང་ལས་པའི་ཡིག་རྒྱུགས་མ་བཏང་བར་རང་ཉིད་ཀྱི་ཕ་དང་མཉམ་དུ་ལས་གཏོད་ཀྱི་ལམ་ལ་ཞུགས། 2019ལོར་ཁོང་གིས་ནག་ཆུ་ཀའོ་ཆི་ཏན་ནུས་རྒྱུ་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་། གྲོང་ཁྱེར་རིམ་པའི་ཚོང་འགུགས་མ་འདྲེན་གྱི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཁེ་ལས་དེས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ནག་ཆུ་གྲོང་ཁྱེར་གྱི་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་གི་ལས་དོན་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་གཞོལ་ཡོད།

དེང་དུས་ཀྱི་ལས་གཏོད་བྱེད་མཁན་གཞོན་ནུ་མང་པོ་ཞིག་དང་འདྲ་བར་སྒྲོལ་མ་བདེ་སྐྱིད་ཀྱང་ལས་སྐལ་བཟང་པོས་དུས་སྐབས་ཡག་པོ་འདི་འདྲ་ཞིག་འཕྲད། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཀྱིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཀྱང“གཉིས་གཏོད”ཀྱི་འབྲེལ་ཡོད་སྲིད་ཇུས་མང་པོ་བཏོན་པ་ལས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་ལའང་གཟིཌ་སྐྱོང་མང་པོ་ཐོབ་ཡོད་ཅེས་སྒྲོལ་མ་བདེ་སྐྱིད་ཀྱིས་བཤད།