《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

སྲིད་ཇུས་དོན་འཁྱོལ་གནད་དུ་སྨིན། དམངས་ལ་ཕན་པ་གང་ལེགས་ཐོབ།

འདི་ནི་ལས་བྲེལ་ཆེ་བའི་བོད་ལྗོངས་12366ཁྲལ་འཇལ་ཞབས་ཞུ་ལྟེ་གནས་ཡིན་པ།

འདི་ལོ་ཚུན་དུ། རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ་ཁེ་ལས་དང་ཁྲལ་འཇལ་མཁན་ལསྒྱུར་བཅོས་ཀྱི་ཁེ་སྤོགས་དངོས་ཐོབ་པའི་འགན་ལེན་བྱས་ཤིང་། ཟླ་དང་པོ་ནས་བཞི་པ་བར་ལྗོངས་ཡོངས་ཀྱིས་རིམ་རྩིས་བྱས་ན་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་12.72མང་དུ་སོང་ཡོད། དེའི་ནང་2020ལོར་གསར་དུ་བཏོན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ཀྱིས་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་3.34མང་དུ་བཏང་བ་དང་། 2019ལོའི་ལོ་དཀྱིལ་དུ་བཏོན་པའི་སྲིད་ཇུས་ནང་འདི་ལོའི་ལོ་མཇུག་ཏུ་ཁྲལ་རིན་གཉིས་གཅོག་སྒོར་དུང་ཕྱུར་9.38མང་དུ་བཏང་ཡོད།

ཁྲལ་འཇལ་དུས་འགྱངས་བྱས་པར་ཕན་པ་ཐོབ་པའི་ཚོང་དུད་ཀྱི་བསྔགས་བརྗོད་ཐོབ་པ།

ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་ཡོངས་བསྒྲགས་བྱས་ཏེ། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་། ཁེ་སྤོགས་ཆུང་གྲས་ཁེ་ལས་ཀྱིས་2020ལོར་འདུན་ཞུའི་དུས་ཚོད་ལྷག་མ་གཏན་འབེབས་ལྟར་སྔོན་འཇལ་འདུན་ཞུ་བྱས་རྗེས། སྐབས་དེའི་ཁེ་ལས་ཀྱི་ཐོབ་ཁྲལ་གནས་སྐབས་དུས་འགྱངས་བྱས་ནས་2021ལོའི་འདུན་ཞུ་བྱེད་ཐེངས་དང་པོའི་བར་དུས་འགྱངས་བྱས་ནས་མཉམ་དུ་འཇལ་ཆོག སྒེར་གཉེར་བཟོ་ཚོང་དུད་ཚང་གིས་2020ལོར་འདུན་ཞུའི་དུས་ཚོད་ལྷག་མ་གཏན་འབེབས་ལྟར་སྒེར་གྱི་ཐོབ་ཁྲལ་གཉེར་སྐྱོང་བྱས་པ་ལས་ཐོབ་པའི་ཁྲལ་འཇལ་འདུན་ཞུ་བྱས་རྗེས་སྐབས་དེའི་སྒེར་གྱི་ཐོབ་ཁྲལ་གནས་སྐབས་དུས་འགྱངས་བྱས་ནས་འཇལ་ཆོག

ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་གྲོང་ནུབ་ཡན་ལག་ཅུས་ཁྲལ་སྒྲུབ་ཞབས་ཞུའི་ཚོམས་ཆེན་དུ་ཁྲལ་འཇལ་ནར་འགྱངས་ཀྱི་འགྲོ་ལུགས་གཉེར་མ་ཐག་པའི་ཐེན་ཅུས་ཡུལ་སྐོར་མགྲོན་ཁང་གི་ཁྲིམས་མི་མཱ་ཀྲི་ཕེང་གིས། “རྒྱལ་ཁབ་ཀྱིས་བཏོན་པའི་དུས་འགྱངས་ཁྲལ་འཇལ་སྲིད་ཇུས་དེ་དག་དུས་ཐོག་ཆར་པ་རང་རེད། རིམས་ནད་ཀྱི་ཤུགས་རྐྱེན་ངན་པ་ཕོག་སྟབས་མིག་སྔར་བོད་དུ་ཡུལ་སྐོར་ལ་ཡོང་མཁན་ཇེ་ཉུང་དུ་སོང་བ་དང་། ང་ཚོའི་མགྲོན་ཁང་ལ་ཡོང་འབབ་ཀྱང་མང་པོ་མེད། ད་ལྟ་ངས་ཁྲལ་དངུལ་དུས་འགྱངས་ཀྱིས་འཇལ་རྒྱུའི་འགྲོ་ལུགས་གཉེར་བས་ཁང་གླ་ཕྲན་བུ་རྩ་ཆག་བཏང་བས། ཚོང་ལས་ཀྱང་མུ་མཐུད་རྒྱུན་འཁྱོངས་བྱེད་ཐུབ་པ་བྱུང་། ཡུལ་སྐོར་ཁྲོམ་ར་དར་རྒྱས་སླར་གསོ་ཐུབ་ནས་ང་ཚོའི་ཚོང་ཡང་ཇེ་ལེགས་སུ་སོང་རྗེས་ཁྲལ་འཇལ་ན་འགྲིག་གི་ཡོད་པས་དངོས་འབྲེལ་ཡག་པོ་འདུག”ཅེས་བརྗོད།

ཁྲལ་རིན་གཉིས་གཅོག་གི་ཕན་པ་དངོས་ལས་རིག་གནས་ཡུལ་སྐོར་ཐོན་ལས་དར་རྒྱས་བྱུང་བ།

“ཀུང་སི་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་རྩ་འཛུགས་ཀྱི་གསར་གཏོད་སྔོན་ཐོན་ཚན་པ་ཞིག་ཏུ་གྱུར་པ་དེ་ཁྲལ་འབབ་ཀྱི་རམ་འདེགས་དང་ཁ་འབྲལ་ཐབས་མེད”ཅེས་ལྷ་ས་གྲོང་ཁྱེར་ཧོ་མེ་པོ་ཏ་ལ་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་རྒྱུན་ལས་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ཀྲའོ་ཡིས་བརྗོད་པ་དང་། ཁོང་གིས“ཁྲལ་དོན་ཅུས་ཀྱིས་ཀུང་སིའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ང་ཚོར་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་སྐོར་གནད་སྨིན་ཟུར་ཁྲིད་གནང་བྱུང་བས། རྒྱལ་ཁབ་དང་ཁྲལ་དོན་སྡེ་ཚན་གྱིས་ཁེ་ལས་འཕེལ་རྒྱས་ལ་རོགས་སྐྱོར་གནང་བར་དམིགས་སུ་བཀར་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བརྗོད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཧོ་མེ་པོ་ཏ་ལ་རིག་གནས་བསམ་བཀོད་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས《འུན་ཤིང་ཀོང་ཇོའི》བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་དང་། ལྷ་ས་སྟག་གདོང་གྲོང་ཚོའི་རྣམ་པ་བཅོས་སྒྲིག་དང་དབུལ་སྐྱོར་ཕྱོགས་བསྡུས(ཡུལ་སྐོར)གསར་སྤེལ། “བདེ་སྐྱིད་བོད་ཁྱིམ”གྱི་གནད་སྨིན་དབུལ་སྐྱོར་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས། ལྷ་ས་དང་པེ་ཅིང་གིས་སྙེ་མོ་རྫོང་ལ་རོགས་སྐྱོར་བྱས་ནས་གནད་སྨིན་དབུལ་སྒྲོལ་གྱི་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་དཔེ་སྟོན་སོགས་ཀྱི་རྣམ་གྲངས་བཏོད་དེ་གནད་སྨིན་དབུལ་སྐྱོར་དང་གྲོང་གསེབ་ཀྱི་ཡུལ་སྐོར་གྱི་སྤྱི་ཡོངས་འཕེལ་རྒྱས་གྲུབ་འབྲས་མཉམ་འདྲེས་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་བས་ཡུལ་སྐོར་དབུལ་སྐྱོར་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རིག་གནས་ཡུལ་སྐོར་རྣམ་གྲངས་ལ་འདི་ལོའི་ཟླ་5པ་བར་ཁྲལ་འབབ་སྒོར་ཁྲི་2.12ཆག་ཡང་དང་རྩ་ཆག་བཏང་བ་དང་། སྔོན་དཔག་བྱས་ན་འདི་ལོའི་ལོ་ཧྲིལ་པོར་ཁྲལ་འབབ་སྒོར་ཁྲི་195ལྷག་ཙམ་ཆག་ཡང་དང་རྩ་ཆག་གཏོང་རྒྱུ་རེད། མིག་སྔར། 《འུན་ཤིང་ཀོང་ཇོའི》བོད་ཀྱི་རིག་གནས་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་ལ་འཁྲབ་སྟོན་པ་800ལྷག་ཙམ་ཞུགས་པའི་ནང་95%ནི་ས་གནས་དེ་གའི་ཞིང་འབྲོག་པ་ཡིན་པས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

ཕྱོགས་ཡོངས་ནས་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་པ།

རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་འདི་ལོ་ཚུན་དུ་རྒྱལ་ཁབ་ཀྱིས་ཁྲལ་གྲོན་གྱི་སྲིད་ཇུས་ཁག་6བཏོན་ཡོད། ཁྲལ་གྲོན་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་ཆེད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ། རྫོང་དང་ཆུས་བཅས་རིམ་པ་གསུམ་གྱི་ཁྲལ་དོན་ལས་ཁུངས་ཀྱིས་རིགས་འདྲ་མིན་དང་རྣམ་པ་སྣ་ཚོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གསལ་འགྲེལ་པ་གསོ་སྦྱོང་བྱས་པ་དང་། ཆེད་དོན་སྤྲིན་ཚོམ་ཟུར་ཁྲིད་དང་སྐད་འཕྲིན་སོགས་དྲ་ཐོག་གི་ལས་སྟེགས་བརྒྱུད་གསོ་སྦྱོང་ཐེངས་200ཙམ་སྒྲིག་འཛུགས་བྱས་པ་དེ་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་མི་ཐེངས་ཁྲི་12ལ་ཁྱབ་པ་དང་ཁྲལ་དོན་ལས་བྱེད་པ་ཁྱོན་ཡོངས་ལ་ཁྱབ་ཡོད།

རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཏང་ཨུད་ཀྱི་ཨུ་ཡོན་དང་ཅུས་ཀྲང་གཞོན་པ་ལེ་ཅི་ཤོན་གྱིས“ང་ཚོས་འབྲེལ་ཡོད་ཁྲལ་གྲོན་སྲིད་ཇུས་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་ཆབས་ཅིག གནད་སྨིན་ཇུས་བསྟར་དང་ཕན་འབྲས་ལ་རྗེས་སྙེག་འདྲི་རྩད་བྱས་ཏེ་ཁེ་ལས་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཞིང་། དམངས་འཚོ་འགན་ལེན་དང་ལས་ཞུགས་འགན་ལེན་བྱེད་པའི་ཐད་ཁྲལ་འཇལ་མཁན་དང་དངུལ་སྤྲོད་མཁན་ལ་ཞབས་འདེགས་ཞུ་ཤུགས་སྔར་བས་ཆེ་རུ་བཏང་ཡོད”ཅེས་བརྗོད། (ཉི་དོན་གྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)