《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

“སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ཁེ་ལས་ལ་ངེས་པར་དུ་ཡོད་དགོས་པའི་ཁོག་རྒྱ་ཞིག་ཡིན”

ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་ནག་ཆུར་ཆ་སྙོམས་ས་བབ་མཐོ་ཚད་སྨི་4450ཡན་ཟིན་ཞིང་། དུས་དང་རྣམ་པ་ཀུན་དུ“ས་མཐོ་ཞིང་གྲང་ངར་ཆེ་བས་གསོ་རླུང་དཀོན་པ”དང“ཁོར་ཡུག་ཆ་རྐྱེན་ཞན་པའི་ས་ཆར”གྲགས། དཀའ་ཚེགས་ཀྱི་ཆ་རྐྱེན་དེ་འདྲའི་འོག 1972ལོར་སྐྱེས་པའི་སུའུ་ཧྲོང་ཧྭས་དཀའ་ཉེན་ལ་མི་སྐྲག་པར་རང་གིས་རང་ལ་འགྲན་སློང་བྱས་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་པས། ཁོང་གིས་སྣེ་ཁྲིད་པའི་ནག་ཆུ་དམངས་ཕན་སྨན་ཁང་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་མི་སྒེར་གྱི་བཟོ་ཚོང་ཚོང་དུད”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་། ཁོང་མི་སྒེར་ལ་ནག་ཆུ་གྲོང་ཁྱེར་དང་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཡང་ཐོབ་ཡོད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

སུའུ་ཧྲོང་ཧྭས“གཞི་ཁྱོན་ཆུང་བའི་སྐབས་སུ། ཁེ་ལས་ནི་རང་ཉིད་ཀྱི་ཡིན་པ་དང་། གཞི་ཁྱོན་ཆེ་རུ་སོང་བའི་སྐབས་སུ། ཁེ་ལས་ནི་སྤྱི་ཚོགས་ཀྱི་ཡིན་པས། སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ཁེ་ལས་ཤིག་དང་ཁེ་ལས་མཁས་ཅན་ཞིག་ལ་ངེས་པར་དུ་ཡོད་དགོས་པའི་ཁོག་རྒྱ་ཞིག་ཡིན”ཞེས་བཤད་པ་དང་། ཁོང་གིས་ནག་ཆུ་དམངས་ཕན་སྨན་ཁང་གིས་རང་ངོས་ཀྱི་ཞབས་ཞུའི་ཆུ་ཚད་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས། གཅེས་སེམས་མཚོན་པར་བྱ་རྒྱུ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ནི་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་པའི་ནང་དོན་གལ་ཆེན་ཞིག་ཡིན་སྟབས། ཡོམ་འགོག་གེགས་སེལ་ནང་ཞུགས་པ་དང་། དགེ་སྒྲུབ་སྤྱི་ཕན་ལ་ལྷག་བསམ་ཟོལ་མེད་ངང་རོགས་རམ་བྱེད་པ། དབུལ་སྐྱོར་སློབ་སྐྱོར་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་ལ་ཧུར་ཐག་ཞུགས་རྒྱུ་ཡིན་ཞེས་བཤད།

དམངས་ཡོངས་གཟུགས་གཞི་བདེ་ཐང་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ལོ་ལྟར་གྱི“གསུམ་བརྒྱད”བུད་མེད་དུས་ཆེན་རིང་། ནག་ཆུ་དམངས་ཕན་སྨན་ཁང་གིས་རིན་མེད་ངང་བུད་མེད་ཀྱི་གཟུགས་པོར་བརྟག་དཔྱད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “ལྔ་གཅིག”གི་ངལ་རྩོལ་དུས་ཆེན་རིང་། ངལ་རྩོལ་དཔེ་བཟང་བར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད། ནག་ཆུའི་རྟ་རྒྱུག་དུས་ཆེན་རིང་། བོད་རིགས་མང་ཚོགས་ལ་རིན་མེད་ངང་ནད་བརྟག་དང་། སྨན་སྤྲོད་པ། སྨན་པས་བརྟག་དཔྱད་བྱེད་པར་བཅས་ཀྱི་བྱེད་སྒོ་སྤེལ་ཡོད། 2017ལོའི་རྟ་རྒྱུག་དུས་ཆེན་སྐབས། དམངས་ཕན་སྨན་ཁང་གིས་རིན་མེད་ངང་སྒོར་ཁྲི་གཅིག་ལྷག་རི་བའི་སྨན་སྤྲད་ཡོད། ད་དུང་དམངས་ཕན་སྨན་ཁང་གི་སྨན་པས་སྙན་རོང་རྫོང་ཁྲ་འདམ་ཤང་ལ་བཅའ་སྡོད་བྱེད་རིང་། ས་གནས་དེ་གའི་མང་ཚོགས་ལ་རིན་མེད་ངང་སྨན་སྤྲོད་པ་དང་སྨན་བཅོས་མཐའ་འཁྱོངས་བྱས་ཡོད།

ལོ་མང་རིང་། ནག་ཆུ་དམངས་ཕན་སྨན་ཁང་གིས་སུའུ་ཧྲོང་ཧྭའི་སྣེ་ཁྲིད་ལ་བརྟེན་ནས་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱས་ཏེ་ཕ་ཡུལ་ཁྲུང་ཆིང་རུང་ཁྲང་དང་། “ཕ་ཡུལ་གཉིས་པ”ནག་ཆུའི་དུད་ཚང་དབུལ་པོའི་ཕྲུ་གུར་ལྟ་སྟངས་གཅིག་མཚུངས་བཟུང་ནས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཏེ། བྱམས་བརྩེའི་ངང་ཕྲུ་གུ་ཚོར་ཕུགས་འདུན་དོན་གཉེར་གྱི་བློ་སྐྱེས་འཕེལ་བར་བྱས་ཡོད།

2015ལོ་ནས་ད་བར། སུའུ་ཧྲོང་ཧྭས་སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་ལྷོ་མ་གྲོང་རྡལ་གྱི་གྲོང་ཚོ་13ནས་ཡིན་པའི་འཚོ་བར་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་མ་2ལ་ལོ་ལྟར་སློབ་ཡོན་སྒོར་20000དང་ཟླ་རེར་འཚོ་བའི་འགྲོ་གྲོན་སྒོར་400སྤྲད་པ་དང་། ཁྲུང་ཆིང་རུང་ཁྲང་ཧོ་པའོ་གྲོང་རྡལ་རུང་ཁྲང་སློབ་འབྲིང་ནས་ཡིན་པའི་འཚོ་བར་དཀའ་ངལ་ཡོད་པའི་སློབ་མ་3ལ་ཟླ་རེར་འཚོ་བའི་འགྲོ་གྲོན་སྒོར་300ཐག་གཅོད་བྱས་པ་རེད།

སུའུ་ཧྲོང་ཧྭས་དུད་ཚང་དབུལ་པོ་ཁག་གཅིག་ནི་ནད་ཀྱིས་རྐྱེན་པས་དབུལ་པོ་ཆགས་པས། དབུལ་སྐྱོར་བྱ་གཞག་ཡག་པོ་བསྒྲུབས་ནས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་རྣམས་དབུལ་སྒྲོལ་བརྟན་པོ་ཞིག་ཡོང་བ་བྱེད་དགོས་ན། ཁོང་ཚོའི་ནད་གཞི་བཅོས་ནས་ལས་ཞུགས་ཡོང་བར་རོགས་རམ་བྱེད་དགོས་ཞེས་བཤད། དེས་ན། དམངས་ཕན་སྨན་ཁང་གིས་འཚོ་བར་དཀའ་ངལ་ཡོད་པའི་ཞིང་འབྲོག་པའི་ཁྱིམ་ཚང་20ལྷག་ལ་ལས་ཞུགས་བཀོད་སྒྲིག་བྱས་པ་མ་ཟད། དུད་ཚང་དབུལ་པོའི་ནད་པ་ཚེ་བརྟན་སྒྲོལ་མ་དང་། མིག་ཆུང་ལ་སྔ་རྗེས་སུ་རིན་པ་མེད་པར་སྨན་བཅོས་བྱས་ནས་སྨན་རིན་སྒོར་ཁྲི་1ལྷག་བཏང་ཡོད། ཉེ་ཆར་ལོ་27ལ་སླེབས་པའི་མིག་ཆུང་དྲག་སྐྱེད་བྱུང་ནས་ནག་ཆུ་གྲོང་ཁྱེར་དུ་གླ་པར་འགྲོ་བ་དང་ཟླ་རེར་སྒོར་5000ལྷག་རག་གི་ཡོད།

སྨན་སྤྲོད་པ་དང་སྨན་བཅོས་བྱེད་པ་ནས་སློབ་སྐྱོར་རོགས་རམ་བྱེད་པའི་ལོ་མང་རིང་། སུའུ་ཧྲོང་ཧྭས་རང་ཉིད་ཀྱིས་སྣེ་ཁྲིད་ནས་མིག་དཔེ་གཞན་སྟོན་ངང་དབུལ་སྐྱོར་ལས་ལ་ཞུགས་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ངོ་མར་བརྟེན་ནས་དམངས་གཉེར་ཁེ་ལས་མཁས་ཅན་གྱི་ལས་འགན་དང་འགན་འཁྲི་ལག་ལེན་བསྟར་ཡོད།

(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)