《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

ལྗོངས་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་8ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་སྲིད་གྲོས་ཏང་ཙུའི《རྒྱལ་ཡོངས་ཀྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་དང་། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། བསོད་ནམས་རིག་འཛིན། ང་ཕོད་འཇིགས་ཡོན། ཝང་ཡ་ལིན། སྒྲོལ་དཀར། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཕེབས་པ་རེད།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད)

གྲོང་ཁྱེར་དང་ས་ཁུལ་གྱི་སྲིད་གྲོས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་འགའ་ཞིག་གི་འབྲེལ་ཡོད་ལས་དོན་སྙན་སེང་གསན་རྗེས། ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་སྲིད་གྲོས་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་ཚབ་ཞུས་ཏེ། སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་གཞག་འཕེལ་རྒྱས་ལ་ཡུན་རིང་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱུན་མཐུད་འབད་འཐབ་བྱེད་མཁན་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་དོན་པ་མི་རབས་རིམ་བྱུང་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། ཏིང་ཡེ་ཤན་གྱིས་ནན་བཤད་གནང་དོན། སྲིད་གྲོས་ལས་དོན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་རང་བཞིན་གྱི་གནས་བབ་དང་ནུས་པར་ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་ཟམ་མི་ཆད་པར་འཚམ་པར་བྱས་ཐོག་བོད་ཀྱི་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། བོད་ཀྱི་སྲིད་གྲོས་ལས་དོན་ཚན་རིག་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་དང་། མི་དམངས་སྲིད་གྲོས་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་གྱི་ཡོངས་ཁྱབ་ཆོས་ཉིད་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་བོད་ཀྱི་སྲིད་གྲོས་ལས་དོན་གྱི་དམིགས་བསལ་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡག་པོ་བྱེད་དགོས་པ། ངོ་བོའི་ངེས་གནས་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་ཀ་ནས་ཤུགས་རྒྱག་པར་སྣང་ཆེན་བྱེད་དགོས་པ། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ཆེད་འགན་སྒྲུབ་བྱེད་དགོས་པ། སྤུས་ཚད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་སྤུས་ཚད་ལེགས་སུ་དང་ནུས་པ་ཆེ་རུ་ཟམ་མི་ཆད་པར་གཏོང་དགོས་པ། རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས་ལས་ཀའི་འབྲེལ་བ་གསེད་བཀྲོལ་བྱེད་དགོས་པ། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་ཀྱིས་དྲང་སྲུང་གསར་གཏོད་ལ་སྣང་ཆེན་བྱས་ཏེ། སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་གསར་གཏོད་དང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་གོ་སྐབས་སུ་བྱས་ཏེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལྟེ་བའི་ལྷུ་ཚིགས་འབུར་དུ་ཐོན་པར་བྱེད་པ། རང་ངོས་འཛུགས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གྲོས་གྲོས་མོལ་གྱི“ལས་སྟེགས་སྐྲུན་པའི”ལས་དོན་ལ་གནད་སྨིན་ཞབས་འདེགས་ཞུ་བ། གཞི་རིམ་གྱི་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་འབྲེལ་གཏུག་མཛུབ་ཁྲིད་ཡག་པོ་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་གྱི་ལས་ཀའི་སྤྱོད་ཚུལ་ལ་བརྟེན་ནས་བཀོད་སྒྲིག་དང་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བར་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལེགས་ཆའི་གསོན་ཤུགས་འཕེལ་བ་བཅས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

དེའི་རིང་ཚོགས་ཞུགས་མི་སྣས་ད་དུང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཐད་བགྲོ་གླེང་ཡང་གནང་བ་རེད།

(སྐལ་མཆོག་གིས་བསྒྱུར། བསོད་བདེས་ཞུས)