《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月10日

སྒེར་རྩེ་རྫོང་སྨིན་གྲུབ་ཁུལ་གསར་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ།

ཁྱིམ་ལས་ཞབས་ཞུར་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱས།

སྨིན་གྲུབ་ཁུལ་གསར་ནི་སྒེར་རྩེ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དང་པོ་དེ་རེད། དེར་ཁྱོན་མང་ཚོགས་དུད་ཚང་44ཡི་མི་199བཀོད་སྒྲིག་བྱས་པ་དང་2018ལོའི་ལོ་མཇུག་ཏུ་གྲོང་མི་ཚང་མ་སྤོས་ཤིང་། 2018ལོར་སྒེར་རྩེ་རྫོང་གིས་མངགས་གཏོང་བྱས་པའི་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་པོ་གནས་དེར་བཅའ་སྡོད་བྱས། སྨིན་གྲུབ་ཁུལ་གསར་གྱིས་གནས་སྤོས་མང་ཚོགས་ཁོར་ཡུག་གསར་པ་དང་གང་མགྱོགས་འཕྲོད་པར་བྱས་པ་དང་འབྲེལ། དུད་ཚང་དབུལ་པོས་ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་པར་སྐུལ་ལྕག་ཀྱང་བྱས་པ་རེད། “གྲོང་སྡོད་ལས་དོན་རུ་ཁག་དང་སྡེ་ཁུལ་གྱི‘ཨུ་ལྷན་གཉིས’ཀྱིས་བཞུགས་མོལ་དང་དུད་ཚང་དུ་འཚམས་འདྲིར་སྐྱོད་པ་སོགས་བྱས་ནས་གྲོང་ཚོའི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་མཐིལ་རྟོགས་དང་། ལག་རྩལ་དེ་ཙམ་མི་ཤེས་པའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཐབས་ལམ་འཚོལ་བཞིན་ཡོད”ཅེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སྒྲོལ་མས་ངོ་སྤྲོད་བྱས།

མཐིལ་རྟོགས་བྱས་པ་བརྒྱུད་རྫོང་དེའི་མི་འབོར་ཉུང་ནའང་སྟབས་བདེའི་ཁྱིམ་ལས་ཀྱི་ཞབས་འདེགས་ཁྲོམ་རའི་ཆ་རྐྱེན་འཛོམས་པ་མ་ཟད། ཁྱིམ་ལས་ཞབས་འདེགས་ཀྱི་དུས་འགོར་མ་དངུལ་གཏོང་ཤུགས་ཉུང་བ་དང་། སྒྲིག་ཆས་ཀྱི་དགོས་མཁོ་ཆུང་བ། ལག་རྩལ་འདུས་ཚད་མཐོ་པོ་མེད་པ་བཅས་ལས་མང་ཚོགས་དབུལ་པོ་དང་ལྷག་པར་དུ་ཁྱིམ་སྡོད་བུད་མེད་ལས་ཞུགས་བརྟན་པོ་ཡོང་བར་རོགས་རམ་ཐུབ་པ་ཤེས།

སྒེར་རྩེ་རྫོང་གི་འབྲེལ་ཡོད་སྡེ་ཚན་དང་གྲོང་སྡོད་ལས་དོན་རུ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་འོག 2018ལོའི་ཟླ་4ཚེས་21ཉིན། སྨིན་གྲུབ་ཁུལ་གསར་གྱི་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་དངོས་སུ་བཙུགས།

ལྟེ་གནས་བཙུགས་པའི་ཐོག་མར་མི་ཧྲེང་རྒན་རྒོན་སོགས་ཚོགས་སྤྱིའི་ཁྲོད་དུས་ཡུན་ཟླ་བ་གཅིག་ཚོད་ལྟ་གཉེར་སྐྱོང་བྱས། “ཞབས་ཞུའི་ལྟེ་གནས་འཛུགས་སྐབས་ཁྱིམ་ལས་ཞབས་ཞུའི་རུ་ཁག་ལ་མང་ཚོགས་དབུལ་པོ་12ཡོད་པ་དང་འཁོར་སྐྱོད་མ་དངུལ་སྒོར་1000ལས་མེད་པས་དཀའ་ངལ་ཆེན་པོ་ཕྲད་བྱུང་། འོན་ཀྱང་ཚང་མས་ཕྱིར་བཤོལ་མི་བྱེད་པར་ལས་ཀ་ཧུར་ཐག་བྱས་པར་བརྟེན། ལས་གཉེར་ཚོད་ལྟ་ཟླ་བ་གཅིག་བྱས་པའི་ནང་ཁེ་བཟང་སྒོར་7000བྱུང་འདུག་ཅེས་སྨིན་གྲུབ་ཁུལ་གསར་གྱི་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་ཀྱི་ཅིང་ལི་རྡོ་ཆུང་གིས་བརྗོད།

ཞབས་ཞུའི་སྤུས་ཚད་འགན་ལེན་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་ཆེད། སྡེ་ཁུལ་གྱིས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས། ཁྱིམ་ལས་ཞབས་ཞུའི་ལྟེ་གནས་ཀྱི་རྣམ་གྲངས་ལག་བསྟར་ཇུས་གཞི་བཟོས། ཁྱིམ་ལས་ཞབས་འདེགས་ལ་ལྟེ་གནས་ཀྱི་ལས་གནས་ཀྱི་ཆ་འཕྲིན་དང་། ལས་ཀའི་འགན་འཁྲི། ཞབས་ཞུའི་བརྒྱུད་རིམ། དོ་དམ་བྱེད་ཐབས། ཁེ་སྤོགས་བགོ་ཐབས། ལས་རྗེས་དཔྱད་བསྡུར། ལས་བཟོའི“རྣམ་གྲངས་དྲུག”གི་ལས་ཀའི་བླང་བྱ་དང་ཚོང་དུད་ལ་ཞབས་འདེགས་ཞུ་བའི“བརྩེ་སེམས་གཱ”སོགས་སྒྲིག་སྲོལ་ལམ་ལུགས་བཟོས་ཏེ། ཁྱིམ་ལས་ཞབས་འདེགས་ལ་ལྟ་སྐུལ་དང་དོ་དམ་བྱས།

སྨིན་གྲུབ་ཁུལ་གསར་གྱི་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག ལྟེ་བའི་གཉེར་སྐྱོང་ལའང་དགའ་འོས་པའི་གྲུབ་འབྲས་ཐོབ། 2018ལོའི་ཟླ་4ཚེས་21ཉིན་ནས་ལོ་མཇུག་བར། ཞབས་ཞུ་ལྟེ་གནས་དེར་ཁྱོན་ཡོང་འབབ་སྒོར་ཁྲི་8ཙམ་བྱུང་བ་དང་། ལོར་མི་རེར་ཆ་སྙོམས་འབབ་འཕར་སྒོར་6000ལྷག་ཙམ་བྱུང་ཡོད། 2019ལོའི་ལོ་འགོ་ནས་2019ལོའི་ཟླ་8པའི་ཟླ་མཇུག་བར། ཁྱོན་ཡོང་འབབ་སྒོར་ཁྲི་7ལྷག་ཙམ་བྱུང་ནས་མང་ཚོགས་དབུལ་པོའི་ཁྱིམ་ཚང་གི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན།

“ཁྱིམ་ལས་ཞབས་ཞུ་རུ་ཁག་བཙུགས་རྗེས། ང་ལ་ཡོང་འབབ་སྒོར་13000ལྷག་ཙམ་བྱུང་ནས། ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་སོང་། ངས་མུ་མཐུད་ལས་ཀ་དེ་བྱེད་ཀྱི་ཡིན། ང་སྔོན་མ་ཁྱིམ་དུ་ཕྲུ་གུ་ལྟ་བ་ལས་ལས་ཀ་གཞན་མེད་པས་ཁྱིམ་ཚང་ལ་ཡོང་འབབ་མེད་པར་བརྟེན་འཚོ་བ་སྐྱོ་ཙམ་ཡོད། ཕྱིས་སུ་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་བཙུགས་པར་བརྟེན། ང་དང་འདྲ་བའི་བུད་མེད་རྣམས་ལ་ཡོང་འབབ་བརྟན་པོ་ཞིག་རག་ནས་ཁྱིམ་ཚང་གི་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་ལེགས་སུ་ཕྱིན་སོང”ཞེས་ཁྱིམ་ལས་ཞབས་ཞུའི་ལྟེ་གནས་ཀྱི་ལས་མི་བཟང་བཟང་གི་བརྗོད།

རྡོ་ཆུང་གིས“ཁྱིམ་ལས་ཞབས་ཞུའི་ལྟེ་གནས་བཙུགས་ཚུན། ཁྱིམ་ཚང་སྤོ་བའི་ཞབས་འདེགས་ཐེངས་200ལྷག་ཙམ་ཞུས་པ་དང་ཉིན་ལྟར་ད་དུང་ཁྱིམ་ལས་ཞབས་ཞུའི་ཁ་པར་མང་པོ་འབྱོར་གྱི་འདུག ཁྱིམ་ལས་ཞབས་ཞུའི་ལྟེ་གནས་ཀྱི་ལས་ཀར་སྤྱི་ཚོགས་ཀྱི་ཁས་ལེན་རྒྱ་ཁྱབ་ཐོབ་ཡོད”ཅེས་བརྗོད།

སྨིན་གྲུབ་ཁུལ་གསར་གྱི་ཁྱིམ་ལས་ཞབས་ཞུ་ལྟེ་གནས་བཙུགས་པ་དེས་མང་ཚོགས་ཀྱི་ལས་ཞུགས་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། རྗེས་ལུས་ཀྱི་འདུ་ཤེས་བསྒྱུར་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་རེད།