《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

རྟེན་གཞི་ཆུང་ཆུང་ལ་བརྟེན་ནས་དོན་སྙིང་ལྡན་པའི་མི་ཚེ་སྐྱེལ་བ།

—— གྲ་ནང་རྫོང་གི་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རྟེན་གཞིའི་སྐོར་བཀོད་པ།

ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲོང་གི་ཕན་བདེ་ཁང་རྙིང་པའི་ནང་ཡོད་པའི་གྲ་ནང་རྫོང་གི་དབང་པོ་སྐྱོན་ཅན་གྱི་ལས་གཏོད་རྟེན་གཞི་ནི་2017ལོའི་ཟླ་1ཚེས་10ཉིན་བཙུགས་ཤིང་། དེ་ལས་རྫོང་གི་དབང་པོ་སྐྱོན་ཅན་ཚོར་ལས་ཞུགས་ཀྱི་ལས་སྟེགས་དང“ལས་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་གྱི་བཟོ་གྲྭ”ཞིག་མཁོ་འདོན་བྱས་ཡོད།

“ལས་གཏོད་རྟེན་གཞི་བཙུགས་པ་ནི་རྫོང་གི་དབང་པོ་སྐྱོན་ཅན་ཚོས་རང་ཉིད་ལ་འཚམ་པའི་ལས་ཀ་ཞིག་འཚོལ་ཐུབ་རྒྱུའི་ཆེད་དུ་རེད། མིག་སྔར་ལས་གཏོད་རྟེན་གཞི་དེར་དབང་པོ་སྐྱོན་ཅན་31ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་10ཡོད། དུས་ཐུང་གསོ་སྦྱོང་བྱས་པ་བརྒྱུད་ཁོང་ཚོར་ཟླ་རེར་གླ་ཆ་དམའ་ཤོས་ལ་སྒོར་2500ཡོད་པ་དང་སྦྲགས་ལས་རྗེས་ལ་གཞིགས་ནས་གླ་ཆ་སྤོར་གྱི་ཡོད་སྟབས་ལོར་མི་རེར་ཆ་སྙོམས་ཡོང་འབབ་མཐོ་ཤོས་ལ་སྒོར་ཁྲི་5ཡོང་གི་ཡོད”ཅེས་རྟེན་གཞི་དེའི་སྤྱི་ཁྱབ་ཅིང་ལི་ཆུང་བདག་གིས་ངོ་སྤྲོད་བྱས།

ལས་གཏོད་རྟེན་གཞིའི་ནང་དུ་ཡོད་པའི་གྲ་ནང་གི་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་གྱོན་ཆས་ལས་སྣོན་ཚད་ཡོད་ཀུང་སིས་སློབ་གོས་དང་། རྒྱལ་དར། སྲིང་བལ་གྱི་ཉལ་ཆས། བོད་བཟོའི་སྒོ་ཡོལ། བོད་ལྷམ། བལ་གྱི་བོད་བཟོའི་གྱོན་གོས་སོགས་བཟོ་གི་ཡོད་པ་དང་། དེ་དག་དབང་པོ་སྐྱོན་ཅན་དབུལ་སྒྲོལ་འགག་སྒྲོལ་ཡོང་བའི་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

བོད་བཟོའི་ཁུལ་དུ་པ་སངས་ཟླ་བས་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱེད་བཞིན་འདུག འགྲོ་སྐྱོད་སྟབས་བདེ་པོ་མེད་སྟབས་ཁོང་གིས་རྟག་ཏུ་ནང་མི་ཚོར་དཀའ་ལས་བཟོ་གི་འདུག་སྙམ་གྱི་ཡོད་ལ། དེ་གར་སླེབས་པ་ནས་བཟུང་པ་སངས་ཟླ་བར་དེ་བས་ཐུགས་ཁུར་ཐོབ་སྟེ་ཟས་གོས་ཐད་སེམས་ཁྲལ་མེད་སྟབས་གདེང་ཚོད་དེ་བས་ཆེ་རུ་ཕྱིན་པ་དང་སྤྲོ་སེམས་དེ་བས་འཕེལ་བ་མ་ཟད། ད་དུང་ལག་རྩལ་སྣ་གཅིག་ཤེས་པ་རེད།

“ང་ལ་ཟླ་རེར་གླ་ཆ་སྒོར་4000ཙམ་ཡོང་གི་འདུག དཔལ་འབྱོར་རང་རྐྱ་འཕེར་བ་མ་ཟད། ད་དུང་ནང་མི་ཚོར་དངུལ་ཏོག་ཙམ་བསྐུར་ཐུབ་ཀྱི་འདུག་པས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་ཐུབ་པ་དང་སྦྲགས་རང་ཉིད་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང་བས་སེམས་ཧ་ཅང་སྐྱིད་པོ་འདུག”ཅེས་པ་སངས་ཟླ་བས་བཤད།

ལོ་འདི་དག་ནང་དབང་པོ་སྐྱོན་ཅན་མི་ཉུང་བ་ཞིག་ལས་གཏོད་རྟེན་གཞི་ནས་ཕྱིར་བསྐྱོད་དེ་རང་ཉིད་ཀྱི་ལས་གཏོད་ཕུགས་འདུན་མངོན་འགྱུར་ཆེད་བརྩོན་བཞིན་ཡོད།

ངག་དབང་རྒྱལ་མཚན་ནི་གྲ་ནང་རྫོང་དཀྱིལ་རུ་ཤང་འགྱེལ་ཕུ་གྲོང་ཚོ་ནས་ཡིན་པ་དང་། ལོ་གསུམ་གྱི་གོང་ཁོང་གིས་གྲ་ནང་རྫོང་གི་དབང་པོ་སྐྱོན་ཅན་ལས་གཏོད་རྟེན་གཞིར་ཡོང་ནས་འཚེམ་བཟོའི་ལག་རྩལ་སྦྱངས་པ་མ་ཟད། ད་དུང་མ་དངུལ་ཅུང་ཟད་ཀྱང་བསགས་ཡོད་པ་རེད། 2020ལོའི་ཟླ་2པའི་ཟླ་འགོར་ངག་དབང་རྒྱལ་མཚན་གྱིས་གྲ་ནང་རྫོང་དུ་དབང་པོ་སྐྱོན་ཅན་གྱི་གྱོན་གོས་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ཏེ་རང་ཉིད་ཀྱི་ལས་གཏོད་བྱ་གཞག་འགོ་བཙུགས་པ་རེད།

གྲ་ནང་རྫོང་གི་དབང་པོ་སྐྱོན་ཅན་ལས་གཏོད་རྟེན་གཞིར་བཟོ་པ་ཚོས་དགའ་སྤྲོའི་ངང་ལས་ཀ་དང་། སྤེལ་རེས། སློབ་སྦྱོང་སོགས་བྱེད་ཀྱི་ཡོད་ལ། གཟའ་འཇུག་སླེབས་རིམ་བཞིན་རྒན་ལགས་ཀྱིས་སློབ་ཚན་འཁྲིད་ཀྱི་ཡོད་པས་སློབ་ཚན་གྱི་ནང་དོན་ཕུན་སུམ་སོགས་སུ་ཕྱིན་ཏེ་ཁོང་ཚོར་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད།