《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

སྣེ་ཁྲིད་པ་ཞིག་ནས་རྐང་འཛིན་པ་ཞིག་ཏུ་གྱུར་པ།

—— རིན་སྤུངས་རྫོང་ཞིང་ཤག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་མང་ཚོགས་ཚོའི་སྣེ་ཁྲིད་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པའི་སྐོར་བཀོད་པ།

སྟོབས་རྒྱལ་གྱི་སྐོར་གླེང་སྐབས། ཁོང་དང་མཉམ་དུ་ཕྱིར་གླ་པ་བྱེད་པར་བསྐྱོད་མྱོང་བའི་མང་ཚོགས་ཚོའི་སེམས་སུ་ཁོང་ནི་ཨར་རྒྱག་ལག་རྩལ་བྱང་ཆུབ་པའི་སྣེ་ཁྲིད་པ་ཞིག་དང་། ཏང་ཡོན་ལས་བྱེད་པའི་མིག་ནང་ཁོང་ནི་བསམ་བློའི་གོ་རྟོགས་མཐོ་བ་དང་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པའི་ཧྲུའུ་ཅི་ཡག་པོ་ཞིག གྲོང་ཚོའི་མང་ཚོགས་ཀྱི་མིག་ནང་ཁོང་ནི་ཚང་མ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུར་ཁྲིད་མཁན་གྱི“རྐང་འཛིན་པ”ཞིག་རེད།

ཕ་ཡུལ་དུ་ལོག་ནས་འགན་ལྕི་པོ་ཕྲག་ཏུ་ཁུར་བ།

ལོ་53ལ་སླེབས་པའི་སྟོབས་རྒྱལ་ད་ཆ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་རིན་སྤུངས་ཤང་ཞིང་ཤག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རེད།

1988ལོར་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་དབང་གིས་སྟོབས་རྒྱལ་གཅེན་པོ་དང་མཉམ་དུ་ཕྱིར་གླ་པ་བྱེད་པར་བསྐྱོད་ལ། དེ་ལས་ཁོང་གི་མིག་རྒྱང་རིང་དུ་ཕྱིན་ཞིང་། ཤིང་བཟོའི་ལག་རྩལ་དང་། ཁ་ལོ་བའི་ལག་རྩལ། ཨར་པོའི་ཐིག་རྒྱག་སྟངས། ཆུ་གློག་ལག་རྩལ་སོགས་ཀྱང་ཧུར་ཐག་སྦྱངས་པ་རེད།

2005ལོར་སྟོབས་རྒྱལ་གྱིས་རང་ཉིད་ཀྱི་ཨར་ལས་རུ་ཁག་བཙུགས་པ་དང་། གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་གྱི་ལམ་བུ་གཏོད་ནས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཁག་དང་པོར་གྱུར་པ་རེད།

2008ལོའི་ཟླ་7པར་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྐབས་བརྗེའི་དུས་སུ། གྲོང་ཚོའི་ཏང་ཡོན་རྒན་གྲས་ཁག་གཅིག་གིས་སྟོབས་རྒྱལ་བཙལ་ནས་འདེམས་བསྐོའི་ནང་ཞུགས་རྒྱུའི་རེ་བ་བཏོན་པ་རེད། ཐོག་མར་སྟོབས་རྒྱལ་ལ་ཐེ་ཚོམ་བྱུང་བ་དང་། བསམ་བློ་ཡང་ཡང་བཏང་མཐར་ཕྱིའི་ལས་ཀ་བཞག་ནས་ཀྲི་པུའི་འདེམས་བསྐོའི་ནང་ཞུགས་པ་དང་། འདེམས་ཤོག་ཆ་ཚང་ཐོབ་སྟེ། གྲོང་ཚོ་ཨུ་ལྷན་གྱི་ཨུ་ཡོན་ལ་བདམས་པ་མ་ཟད། ཞིང་ཤག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་འགན་འཁུར་བ་རེད། དེའི་རིང་སྟོབས་རྒྱལ་གྱིས་རང་ནུས་ཡོད་རྒུ་བཏོན་ཏེ། མང་ཚོགས་ལ་དོན་དངོས་དང་བྱ་བཟང་མང་པོ་བསྒྲུབས་པར་བརྟེན་2011ལོར་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་ཚན་ཁག་སྐབས་བརྗེའི་འདེམས་བསྐོ་བྱེད་སྐབས་སྟོབས་རྒྱལ་ཞིང་ཤག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་རེད།

ཕྱུག་འགྱུར་གྱི་བྱེད་ཐབས་ལག་ལེན་བསྟར་བ།

གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས་རྗེས། སྟོབས་རྒྱལ་གྱིས་གྲོང་ཚོའི་ཆེད་དུ་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་འགོ་ཚུགས་པ་རེད།

2011ལོའི་ཟླ་9པར་གྲོང་ཚོའི་འབྲུ་རིགས་ཐོན་འབབ་དམའ་བ་དང་མང་ཚོགས་ཀྱི་ཡོང་འབབ་དམའ་བའི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་སྟོབས་རྒྱལ་གྱིས་ཚད་ལྡན་ཅན་གྱི་ས་ཞིང་གྲུ་བཞི་དང་། ས་རྒྱུ་ལེགས་བཅོས་ལ་ཤུགས་སྣོན། སོན་བཟང་འདྲེན་པ། ཚན་རྩལ་འདེབས་འཛུགས་ལག་བསྟར། འབྲུ་རིགས་ཐོན་འཕར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཇུས་གཞི་བཏོན་པ་རེད།

སྟོབས་རྒྱལ་གྱི་སྣེ་ཁྲིད་འོག་གྲོང་ཚོས་བོད་ནས་ཨང་2000དང་ཧི་མ་ལ་ཡ་ཨང་22པའི་སོན་བཟང་ནང་འདྲེན་དང་། ས་རྒྱུ་མུའུ་1350ལེགས་བཅོས་བྱས་པ་མ་ཟད། “ཞིང་ཤག་གྲོང་ཚོའི་ཞིང་ལས་འཕྲུལ་ཆས་ཅན་གྱི་ཆེད་ལས་མཉམ་ལས་ཁང”ཡང་བཙུགས་པ་རེད། རྫོང་ཡོངས་ཀྱི་སྔོན་དུ་འཕྲུལ་ཆས་ཅན་གྱི་ཞིང་ལས་ཐོན་སྐྱེད་ལག་བསྟར་བྱས་པར་བརྟེན་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་ཕྱིན་པ་དང་། འབྲུ་རིགས་ཀྱི་ཐོན་འབབ་ཀྱང་དེ་སྔ་མུའུ་རེ་ནས་རྒྱ་མ་300ཡང་མ་ལོན་པ་ནས་ད་ཆ་མུའུ་རེ་ནས་རྒྱ་མ་950ཙམ་ཐོན་གྱི་ཡོད་པ་རེད།

མིག་སྔར་ཞིང་ཤག་གྲོང་ཚོར་སྒེར་གྱི་མཉམ་ལས་ཁང་2དང་ཨར་ལས་རུ་ཁག་ཆེ་ཆུང་དྲུག་བཙུགས་པ་དང་ཕྱིར་གླ་པར་སྐྱོད་མཁན་130ཙམ་ཡོད་པ་དེས་གྲོང་ཚོ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་60%བཟུང་ཡོད། ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ཡང་2011ལོའི་སྒོར་4300ཙམ་ནས་སྒོར་13200བར་འཕར་ཡོད་པ་རེད།

དམངས་ལ་བརྩེ་སེམས་ཟབ་མོས་ཞབས་འདེགས་ཞུས་པ།

སྟོབས་རྒྱལ་ལ་ལས་ཀ་དང་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། གྲོང་ཚོའི་མང་ཚོགས་ཚོས་དཀའ་ངལ་འཕྲད་ན་ཁོང་འཚོལ་རྐྱང་བྱེད་ཀྱི་ཡོད་པ་རེད།

གྲོང་ཚོའི་མཉམ་སྡེབ་དང་མང་ཚོགས་ཀྱི་ཁེ་ཕན་ཆེད། སྟོབས་རྒྱལ་གྱིས་ཁྱིམ་ཚང་ཆུང་ངུ་དོར་ནས་ཁྱིམ་ཚང་ཆེན་པོ་བསྐྱངས་ཤིང་། 2009ལོར་གྲོང་ཚོ་ཨུ་ལྷན་གྱི་རིག་གནས་ཐང་ཆེན་དང་གྲོང་ཚོའི་སྤྱི་པའི་གསང་སྤྱོད་བསྐྲུན་སྐབས། ཁོང་གིས་རང་འགུལ་ངང་རང་ཉིད་ཀྱི་ས་ཆ་མཁོ་འདོན་བྱས་པ་དང་། གུང་གསེང་རིང་གྲོང་ཚོའི་སློབ་མ་ཚོར་སློབ་སྦྱོང་བྱ་ཡུལ་ཡག་པོ་ཞིག་སྐྲུན་ཆེད། རང་ཉིད་ཀྱི་སྒོ་ར་གཙང་མ་བཟོས་ནས་ཕྲུ་གུ་ཚོར་སློབ་སྦྱོང་བྱེད་དུ་བཅུག་པ་དང་། ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་སྒྲིག་འཛུགས་བྱས་ནས་ཞིང་ཤག་གྲོང་ཚོར་གུང་གསེང་གི་གཟབ་སྦྱོང་འཛིན་གྲྭ་གཉེར་ནས་སློབ་མ་ཚོར་སློབ་ཚན་གསབ་ཁྲིད་བྱས་པ་རེད།

ཁོང་གི་སྣེ་ཁྲིད་འོག་ཞིང་ཤག་གྲོང་ཚོར་འགལ་ཟླ་དང་རྩོད་གཞི་གཅིག་ཀྱང་ཐོན་མྱོང་མེད་པར་གྲོང་མི་རྣམས་མཐུན་སྒྲིལ་དགའ་གཅེས་ཁྲོད་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་པ་རེད།