《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས།

—— རང་རེའི་འབྱོར་འབྲིང་འཚོ་བའི་ཕྱོགས་སུ་སྐྱོད་པའི་སྐོར་གྱི་གླེང་ཐེངས་གཉིས་པ།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

“ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་པ་དང་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་ཁྲོད་གཅིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས”པ་དང་། “རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་དང་ཐུན་མོང་ཐོག་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་ཐུན་མོང་ཐོག་སྐྱོད་དགོས”“སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་གཅིག་ཀྱང་མི་ལུས་པ་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་ཚང་མ་མཉམ་དུ་སྐྱོད་དགོས”ཞེས་པ་ལ་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པར་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་འཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་དང་ཐུགས་རེ་ཟབ་མོ་བཅོལ་གནང་བ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྟོབས་ཤུགས་ཆེན་པོར་གྱུར་ནས་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་དེ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔྱད་ཞིབ་ཁྲོད་ལོ་བཞི་བསྟུད་མར“ཕྱོགས་བསྡུས་གདེང་འཇོག་ཡག་པོ”ཐོབ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་པར་འགག་རྩའི་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་བ་རེད།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)

“ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས”ཞེས་པ་དེ་ནི་རང་རེའི་ཏང་གིས་རྒྱལ་ཡོངས་མི་དམངས་ལ་བཞག་གནང་བའི་སྒམ་བརླིང་ལྡན་པའི་དམ་བཅའ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་དམིགས་ཚད་གཞིར་བཟུང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་སྟོན་རྟགས་ཀྱི་བླང་བྱའི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་གོམ་སྟབས་རེ་རེ་བཞིན་དོན་འཁྱོལ་དམ་འཛིན་དང་ལས་དོན་རེ་རེ་བཞིན་ལག་བསྟར་དམ་འཛིན་བྱས་ཐོག་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་དེ་བས་ཆེ་རུ་དང་། དེ་བས་འགན་ལེན། དེ་བས་རྒྱུན་སྲིང་བཅས་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་འབྱོར་འབྲིང་འཚོ་བ་སྐྱེལ་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས་པར་འགག་རྩ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་སྲིང་སྲ་བརྟན་དང་རིམ་སྤོར་བྱེད་དགོས། ངེས་པར་དུ་འགག་སྒྲོལ་གྱི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་ཧུར་ཐག་བྱེད་པ་དང་ངར་ཤུགས་གཅིག་སྒྲིམ་དང་བཙན་རྫོང་གཏོར་བའི་ངར་ཤུགས་ཆེན་པོ་རྒྱུན་འཁྱོངས་ཀྱིས་དེ་བས་ནན་པ་དང་། དེ་བས་ཚགས་ཚུད་པ། དེ་བས་ཏན་ཏིག་བཅས་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་། ངེས་པར་དུ་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ“མཚམས་མི་འཇོག་པ་བཞི”སྟེ། དབུལ་ཞྭ་ཕུད་ཀྱང་འགན་འཁྲི་མཚམས་མི་འཇོག་པ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་ལྟ་འདོམས་མཚམས་མི་འཇོག་པ་བཅས་ཐུབ་པ་བྱས་ཐོག་དབུལ་པོ་རང་ལོག་བྱ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་དབུལ་སྒྲོལ་དུད་ཚང་དབུལ་སྒྲོལ་བརྟན་པོ་དང་རྒྱུན་སྲིང་འབབ་འཕར་ཡོང་བའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་ལྟ་སྐུལ་མཛུབ་ཁྲིད་ནུས་ལྡན་བྱས་ཏེ་ཕྱིར་འཐེན་གྱི་འགག་སྒོ་ནན་པོ་སྲུང་བ་དང་། ཕྱིར་འཐེན་གྱི་ཚད་གཞི་དང་གོ་རིམ་ལག་བསྟར་ནན་པོ་བྱེད་པ། གྲངས་འཛིན་དབུལ་སྒྲོལ་དང་དབུལ་སྒྲོལ་རྫུས་མ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྤུས་ཚད་ཡག་ལ་རྨང་གཞི་བརྟན་པོ་ཡོང་བའི་འགན་ལེན་བྱས་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཀྱིས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་བྱེད་དགོས།

ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས་པར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་པ་དང་། སྲུང་སྐྱོང་ཡག་པོ་བྱེད་པ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས། དམངས་འཚོའི་སྟོན་ཕྱོགས་བརྟན་པོ་བཙུགས་ཏེ་དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱིས་སེམས་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་གང་ཐུབ་བྱེད་པ་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ་དང་། ལས་ཞུགས་སྔོན་སྒྲུབ་ཀྱི་འཐབ་ཇུས་མཐའ་འཁྱོངས་ཀྱིས་དེ་བས་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཁྲོམ་རར་བརྟེན་ནས་ལས་ཞུགས་དང་ནང་སར་ལས་ཞུགས་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་པ། སློབ་གསོ་དང་། སྨན་བཅོས། འཕྲོད་བསྟེན། ཚན་རྩལ། རིག་གནས་སོགས་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་འགན་ལེན་དྲ་བ་བརྟན་པོ་བསྐྲུན་ཐོག་མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས་པ་བཅས་རེད།

ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་བསྐྱོད་པའི་ལམ་བུའི་ཐོག་གཅིག་ཀྱང་མི་ལུས་པ་བྱེད་དགོས་པར་ཞན་ཆ་སེལ་རྒྱུ་ནི་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་རེད། ཞན་ཆའི་གནད་དོན་ནི་གཏིང་ཟབ་ཤོས་དང་དཀའ་ངལ་ཆེ་ཤོས་ཀྱི་གནད་དོན་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཞན་ཆ་དམ་འཛིན་དང་གནད་སྨིན་འགག་སྒྲོལ་བྱས་ཏེ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྤྱིའི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ་དང“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་རྒྱུ་དེ་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་གཙོ་གནད་དམ་འཛིན་དང་། ཞན་ཆ་སེལ་བ། ཞན་ཆ་ལེགས་གཏོང་བཅས་བྱས་ཏེ་མ་དངུལ་དེ་བས་མང་བ“ཞིང་གསུམ”གྱི་ལས་དོན་ལ་གཟིགས་སྐྱོང་བྱེད་པ། ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་མགྱོགས་སུ་གཏོང་བ། འདེབས་གསོའི་ལས་རིགས་ཀྱི་གཞི་རྩའི་ཁེ་ཕན་འགན་ལེན་བཅས་བྱེད་དགོས་པ། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་གློག་མེད་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་ལས་དོན་ཡག་པོ་བསྒྲུབས་ཏེ། ཐག་རིང་གྲོང་གསེབ་ཀྱི་ཆུ་དང་། གློག ལམ། འཕྲིན་གཏོང་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཐོག་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་བས་ལེགས་པའི་སྒོ་ནས་མཐོ་རུ་གཏོང་དགོས་པ། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ཞིང་ཕྱུགས་ཐོན་ཟོག་སྡེབ་ཚོང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། ཞིང་འབྲོག་ལས་ཀྱི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་ཡག་པའི་ལམ་སྲོལ་ཆགས་པར་བྱེད་དགོས་པ། རིག་གནས་འབྱོར་འབྲིང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཐབས་ཤེས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དྲིལ་བསྒྲགས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དྲིལ་བསྒྲགས་བཅས་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ལ“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་བཅས་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་སྐལ་མཆོག་གིས་ཞུས)