《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

ཏིང་ཡེ་ཤན་དགོན་སྡེར་ལས་དོན་ཁག་སྤེལ་ཚུལ་ལ་བརྟག་ཞིབ་གནང་བར་ཕེབས་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཚེས་2ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་འབྲས་སྤུངས་དང་། སེ་ར། ར་མོ་ཆེ་གཙུག་ལག་ཁང་བཅས་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཆོས་ལུགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་བཅས་བྱས་ནས་དགོན་སྡེ་དོ་དམ་བྱེད་སྟངས་ཁྲིམས་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་སུ་འགྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསོད་ནམས་རིག་འཛིན་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

བརྟག་ཞིབ་གནང་རིང་ཏིང་ཡེ་ཤན་གྱིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགེ་འདུན་པ་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ། དཀའ་ངལ་གང་ཡོད་བཀའ་འདྲི་གནང་བ་མ་ཟད། ད་དུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ཡང་མཁྱེན་རྟོགས་གནང་བ་རེད། ཏིང་ཡེ་ཤན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཆོས་ལུགས་ཀྱི་ལས་དོན་དང་། དགོན་སྡེའི་ལས་དོན། གྲྭ་བཙུན་གྱི་ལས་དོན་བཅས་ཡག་པོ་སྤེལ་རྒྱུ་དེ་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པ་དང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ནང་དོན་གང་ཆེན་ཞིག་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩི་བའི་ཁར། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གྱིས་དགོན་སྡེ་ཚང་མར་སེམས་ཁུར་དང་གྲྭ་བཙུན་ཚང་མར་དྲོ་སྐྱིད་སྦྱིན་ནས་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན། སྤྱི་ཚོགས་སྤྱི་ཡོངས་ནས་ཞི་མཐུན་བརྟན་ལྷིང་བཅས་ཡོང་བ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བསྟན་གནང་བ་རེད།

ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་ལ་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང”བཅས་རྩ་དོན་གལ་ཆེན་གྱི་ཚན་རིག་དང་མཐུན་པའི་ནང་དོན་ཤེས་རྟོགས་གཏིང་ཟབ་བྱེད་པ། དམ་འཛིན་སྔ་ཙམ་བྱ་རྒྱུ་དང་། ཆུང་དུས་ནས་དམ་འཛིན་བྱ་རྒྱུ། དམ་འཛིན་མགྱོགས་པོ་བྱ་རྒྱུ། དམ་འཛིན་ཡག་པོ་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པ། མངོན་མེད་རྐྱེན་ངན་སྣ་ཚོགས་ཆུང་དུས་ནས་སེལ་ཐུབ་པར་བྱེད་པ། དོ་དམ་ནན་པོ་དང་། ཁྲིམས་ལྟར་དོ་དམ། སློབ་གསོ་ཁྲིད་སྟོན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། “ཁྲིད་སྟོན”མཁས་པོ་དང་། ནུས་ལྡན། གོ་ཆོད་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཆོས་ལུགས་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་ནན་ཏན་ངང་ཞིབ་འཇུག་བྱེད་པ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བསམ་ཕྱོགས་ཡག་པོ་དང་། ཉམས་མྱོང་ཡག་པོ། བྱེད་སྟངས་ཡག་པོ་བཅས་ལ་ཕྱོགས་སྡོམ་བྱས་ནས་མིག་དཔེར་འཛིན་པ། སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བར་གཞོལ་བ་བཅས་བྱས་ནས་དཔེ་བཟང་དགོན་སྡེ་དང་སྔོན་ཐོན་གྲྭ་བཙུན་དཔྱད་འདེམས་སྔར་བས་ཡག་པོ་བྱེད་པར་གཞི་འཛིན་ས་མཁོ་འདོན་བྱེད་དགོས། རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣ་དང་གྲྭ་བཙུན་གྱིས་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྒྲིག་ཁྲིམས་སྡོམ་ཁྲིམས། ལྷག་པར་དུ《ཆོས་ལུགས་ལས་དོན་སྲོལ་ཡིག》དང《བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས》བཅས་ལ་སློབ་སྦྱོང་བྱས་ཏེ། འཇིགས་བཀུར་ཤེས་པ་དང་། མཐའ་ཚད་རྟོགས་པ། སྒྲིག་ལམ་སྲུང་བ་བཅས་བྱེད་དགོས་པ་མ་ཟད། ད་དུང་ཁ་ཕྲལ་རིང་ལུགས་པ་དང་འཐབ་རྩོད་མཐའ་གཅིག་ཏུའང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རང་ཚུགས་དང་། རང་བདག རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། འདུལ་ཁྲིམས་དང་བསྟན་དོན་ལ་དུས་རབས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་དང་མཐུན་པའི་འཆད་འགྲེལ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་རྒྱུན་ཆད་མེད་པར་དུས་བསྟུན་འཕེལ་རྒྱས་ཡོང་བ་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་སྔར་བས་འཚམ་མཐུན་ཡོང་བར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ར་མོ་ཆེ་གཙུག་ལག་ཁང་དུ་ཏིང་ཡེ་ཤན་གྱིས་ལྡེབས་རིས་ཉམས་གསོ་བྱ་ཚུལ་ལ་གཟིགས་ཞིབ་གནང་བ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་དཔའ་མོས་ཞུས)