《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月06日

སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་གྱི་དབུལ་སྒྲོལ་འབབ་འཕར་དེ་ཐོན་ཁུངས་ཁོ་ནར་བརྟེན་པ་ནས་ངལ་རྩོལ་ཕྱུག་འགྱུར་ཡོང་བར་འགྱུར་ལྡོག་བཏང་བ།

“ཐོན་ལས་ལས་ཞུགས་ལས་གཏོད”ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

འདི་ནི་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་འཕྲིན་ལས(གཡོན)ཀྱིས་མཉམ་ལས་ཁང་ནས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱ་ཚུལ་ཤེས་རྟོགས་བྱེད་བཞིན་པ།

རྒྱལ་ལམ་317བརྒྱུད་ནས་སྦྲ་ཆེན་རྫོང་ཡ་ང་གྲོང་རྡལ་དུ་སླེབས་ཤིང་། ས་བབ་ཀྱི་ལེགས་ཆ་ལས་འབྲོག་ལས་དང་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ལོ་མང་རིང་སྲོལ་རྒྱུན་གྱི་འབྲོག་ལས་དང་དབྱར་རྩྭ་དགུན་འབུ་འཐུ་རྒྱུ་ཁོ་ནར་བརྟེན་པས་ཡ་ང་གྲོང་རྡལ་གྱི་དབུལ་པོ་དང་རྗེས་ལུས་ཀྱི་སྣང་ཚུལ་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་མེད།

2015ལོར་ཡ་ང་གྲོང་རྡལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་257གྱི་མི་1161གིས་སྤྱིའི་མི་འབོར་གྱི་20.7%བཟུང་བ་དང་ཕྱོགས་བསྡུས་ཀྱི་དབུལ་པོ་ཐོན་ཚད་18.73%ཟིན་པ་དེ་རྫོང་ཡོངས་ཀྱི་དུད་ཚང་དབུལ་པོའི་བསྡུར་གྲངས་དང་དབུལ་པོ་ཐོན་ཚད་ལས་ད་དུང་བརྒྱ་ཆའི་གྲངས་འགའ་ཤས་ཀྱིས་མང་བ་ཡོད་པ་རེད།

“འབྲོག་ལས་གྲོང་རྡལ”དང“དབྱར་རྩྭ་དགུན་འབུ་གྲོང་རྡལ”ཞེས་འབོད་སྲོལ་ཡོད་པའི་ཡ་ང་གྲོང་རྡལ་དེ་ད་དུང་དབུལ་པོའི་གནས་སུ་ལུས་པ་བསམ་ཡུལ་ལས་འདས་མོད། འོན་ཀྱང་གྲངས་གཞི་ངོ་མ་ལས་མངོན་པར་དབྱར་རྩྭ་དགུན་འབུ་ལས་བྱུང་བའི་ཡོང་འབབ་དེས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་དེ་ཙམ་བྱུང་མེད་ལ་ཐོན་ཁུངས་རྐྱང་པ་ཁོ་ནར་བརྟེན་ཚེ་ཐུན་མོང་འབྱོར་ཕྱུག་གི་བདེ་སྐྱིད་འཚོ་བ་ཞིག་ཡོང་མི་ཐུབ།

“ཐོན་ལས་ལས་ཞུགས་ལས་གཏོད”ལ་སྣང་ཆེན། ཐོན་ཁུངས་ཁོ་ནར་བརྟེན་པ་ནས་ངལ་རྩོལ་ཕྱུག་འགྱུར་བྱེད་པར་འགྱུར་ལྡོག་བྱུང་བ།

སྦྲ་ཆེན་རྫོང་གི་ཤང་གྲོང་ཁག་ཏུ“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དང་། ཐོན་ལས་ལ་བརྟེན་པ། གནད་སྨིན་དབུལ་སྒྲོལ”དང་། “ལག་རྩལ་སྣེ་གཅིག་བྱང་ཆུབ་པ་དང་དབུལ་སྒྲོལ་ཕྱུག་འགྱུར་མངོན་འགྱུར་བྱུང་བ”“ངལ་རྩོལ་ནི་གཟི་བརྗིད་ལྡན་ཤོས་དང་བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ”ཞེས་པའི་བོད་རྒྱ་སྐད་ཡིག་གཉིས་ཀྱི་འབོད་ཚིག་དང་སྦྱར་ཡིག་གང་སར་མཐོང་རྒྱུ་ཡོད།

སྦྱར་ཡིག་དེ་དག་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་བོད་ཀྱི་ཤང་གྲོང་ཁག་ཏུ་ཡང་ཡང་མཐོང་རྒྱུ་ཡོད་པ་དང་འབོད་ཚིག་དེ་དག་གི་གལ་ཆེའི་རང་བཞིན་ཡང་ནན་བཤད་ཡང་ཡང་བྱེད་ཀྱི་ཡོད་མོད། འོན་ཀྱང་སྦྲ་ཆེན་རྫོང་གི་ལས་བྱེད་པ་དང་མང་ཚོགས་ངོས་ནས་བརྗོད་ན་མྱོང་ཚོར་ཧ་ཅང་ཟབ་མོ་ཡོད།

“དབྱར་རྩྭ་དགུན་འབུ་འཐུ་བའི་ཞོར་ལས་དེར་བརྟེན་ནས་ཞིང་པ་དང་འབྲོག་པས་ཞིང་ལས་དང་འབྲོག་ལས་དོར་ནས་སྐྱིད་འདོད་ལས་གཡོལ་དང་རྒྱས་སྤྲོས་ཆུད་ཟོས་བྱས་པས་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་ཐོན་གྱི་འདུག

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ན་རྩ་བའི་ཆ་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མི་ཐུབ་ལ་སྣང་ཚུལ་ངན་པ་མང་པོ་ཐོན་གྱི་འདུག ཏང་ཨུད་དང་སྲིད་གཞུང་གི་སློབ་གསོ་ཁྲིད་སྟོན་ལ་བརྟེན་ནས་འབབ་འཕར་གྱི་རྣམ་པར་འགྱུར་ལྡོག་གཏོང་དགོས་ངེས་རེད”ཅེས་ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་སྦྲ་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཅུན་གྱིས་བཤད།

དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་གཏོང་བར“བྱ་གཞག”ཅེས་པའི་ཚིག་དེ་དང་ཁ་བྲལ་ཐབས་མེད་ཀྱང་འགག་རྩ་ནི“བྱ་གཞག”གང་འདྲ་ཞིག་གཏོད་མིན་ལ་རག་ལུས་ཡོད། ངལ་མེད་འབྲས་ལེན་དང་དཀའ་ལས་སྐྱ་བས་བརྒྱབ་ནས་ལོངས་སྤྱོད་གཟར་བུས་བྱེད་པ་ལྟར་མ་བསྡད་པར་རང་ཁ་རང་གསོ་དང་འབད་བརྩོན་ལྷོད་མེད་ཀྱིས་བྱ་གཞག་གཏོད་དེ་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་དང་ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་སྐྱོད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད་པ་རེད།

“བསམ་བློར་བཅིངས་འགྲོལ་གཏོང་བ་དང་། གནས་ཚུལ་ལ་བརྟག་ཞིབ་བྱེད་པ། ལས་གཏོད་ཐད་བགྲོ་གླེང་བྱེད་པ། ལས་དོན་དོན་འཁྱོལ་བྱེད་པ”བཅས་ཀྱི་བྱེད་སྒོ་བརྒྱུད། སྦྲ་ཆེན་རྫོང་གིས་གཞི་རྩའི་བསམ་ཕྱོགས་ཁ་གསལ་བཟོས་ཏེ“ཐོན་ལས་དང་། ལས་ཞུགས། ལས་གཏོད་བཅས་ཟུང་འབྲེལ”གྱི་དབུལ་སྒྲོལ་འབབ་འཕར་གྱི་ལམ་བུར་བསྐྱོད་པ་མ་ཟད། ཐོན་ལས་དང་ལས་ཞུགས་ལས་གཏོད་གསུམ་སྐུལ་འདེད་བཏང་སྟེ་ཞིང་འབྲོག་པའི་འབབ་འཕར་རྣམ་པ་དེ་ཐོན་ཁུངས་ཁོ་ནར་བརྟེན་པ་ནས་ངལ་ནུས་ཕྱུག་འགྱུར་བྱེད་པའི་རྣམ་པར་འགྱུར་བས་གྲོང་གསེབ་དར་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

ཡ་ང་གྲོང་རྡལ་དུ་ཐོག་སོ་གསུམ་གྱི་བོད་བཟོའི་སྡོད་ཁང་སྟར་པ་རེར་ལམ་འགྲམ་དུ་གནས་པ་དང་གཟུགས་འཁྲུ་ཁང་དང་། ཚོང་ཁང་། ཇ་ཁང་། འབྲུ་སྣུམ་སྡེབ་ཚོང་ཁང་། དམངས་ཕན་གོང་ཁེའི་ཀུང་སི་སོགས་གང་དགོས་ཅི་འཛོམས་ཡོད་པ་དེ་དག་མང་ཆེ་བ་ཡ་ང་གྲོང་རྡལ་གྱི་གྲོང་ཚོ་རིམ་པའི་མཉམ་ལས་ཁང་གིས་གཉེར་སྐྱོང་བྱེད་པའི་དབུལ་སྐྱོར་ཚོང་ཁང་ཡིན།

གསར་འགོད་པ་གྲོང་རྡལ་སྲིད་གཞུང་གི་ཁ་སྤྲོད་དུ་ཡོད་པའི“དམངས་ཕན་གཟུགས་འཁྲུ་ཁང”དུ་བསྐྱོད་སྐབས་གཟུགས་འཁྲུ་ཁང་དེའི་བཟོ་བཀོད་ལེགས་ལ་གཙང་སྦྲ་ལྡན་པ་ཞིག་མཐོང་བྱུང་། རྫོང་གྲོང་དུ་འཚོ་བ་སྐྱེལ་བཞིན་པའི་མི་རྣམས་ཀྱི་ངོས་ནས་བརྗོད་ན་གཟུགས་འཁྲུ་ཁང་ནི་ཡ་མཚན་སྐྱེ་དགོས་པ་ཞིག་མིན་མོད། འོན་ཀྱང་ས་བབ་སྨི་4200ཡི་ཡ་ང་གྲོང་རྡལ་གྱི་གཟུགས་འཁྲུ་ཁང་དང་པོ་དེ་ཡིན་པ་དང“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེའི”དབུལ་སྐྱོར་རྣམ་གྲངས་ཤིག་ཀྱང་རེད།

“དམངས་ཕན་གཟུགས་འཁྲུ་ཁང་ཆུང་ཆུང་དེས་དམངས་འཚོའི་གནད་དོན་ཐག་གཅོད་ཐུབ་ནས་དུད་ཚང་དབུལ་པོར་ཡོང་འབབ་རག་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་གཙང་སྦྲའི་གོམས་གཤིས་ལའང་འགྱུར་ལྡོག་བྱུང་ཡོད། དེས་མ་ཟད་ལས་བྱེད་ལས་བཟོར་སྟབས་བདེ་བསྐྲུན་ཡོད། རྣམ་གྲངས་དེར་2018ལོར་མ་དངུལ་སྒོར་ཁྲི་20བཏང་བ་དང་དུད་ཚང་དབུལ་པོ་19ལ་སྣེ་ཁྲིད་ཐུབ་ནས་མིག་སྔར་ཁྱོན་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་གྱི་འདུག”ཅེས་ཡ་ང་གྲོང་རྡལ་ཐོན་ལས་ཚོགས་ཆུང་གི་ཙུའུ་ཀྲང་ཚེ་རིང་སྒྲོལ་མས་ངོ་སྤྲོད་བྱས།

“ཐབ་ཁང་ཆུང་ཡང་མེ་ཚ་བའི”མཉམ་ལས་ཁང་གི་རྣམ་གྲངས་དེ་ལྟ་བུ་ཡ་ང་གྲོང་རྡལ་གྱི་གྲོང་ཚོ(གྲོང་ལྷན)18དུ་ཁྱབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡ་ང་གྲོང་རྡལ་གྱིས“ཤང་རེར་ཚོགས་པ་རེ”དང་། དབུལ་སྐྱོར་ཚོང་ཁང་། “གྲོང་ཚོ་རེར་མཉམ་ལས་ཁང་རེ”དང“གྲོང་ཚོ་མང་པོར་མཉམ་ལས་ཁང་རེ”སོགས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཁྱོན་23ཡོད་པ་རེད། དེ་དག་ནང་ཇ་ཁང་དང་། འབྲོག་པའི་སྤྲོ་སྐྱིད་ཁང་། ཚགས་ཤ་སྡེབ་ཚོང་ཁང་། སྲོལ་རྒྱུན་མཁོ་ཆས། འབྲུ་སྣུམ་སྡེབ་ཚོང་། བརྒྱ་ཟོག་སིལ་ཚོང་སོགས་ཡོད་པ་དང་གྲོང་རྡལ་ཡོངས་ཀྱི་དུད་ཚང་དབུལ་པོ་257ཚང་མར་ཕན་པ་ཐོབ་ཡོད། མིག་སྔར་བགོ་འགྲེམས་སྒོར་ཁྲི་127.44བརྒྱབ་པ་དང་དུད་ཚང་དབུལ་པོ་ཐག་ཉེ་སར་ལས་ཞུགས་ཐུབ་པ་མ་ཟད། དུད་ཚང་དབུལ་པོར་ངལ་རྩོལ་ལ་བརྟེན་ནས། དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་རེད།

ཆབ་སྔོན་ཁ་གྲོང་ཚོའི་སྐྱིལ་རི་ནང་རང་བྱུང་གྲོང་ཚོར་སྐྱོད་སྐབས་བགྲེས་སོང་སྐྱིད་རྡོར་གྱིས་སྒོ་འགྲམ་དུ་གློག་ཤུགས་བཟོ་པ་རང་ཁྱིམ་དུ་གློག་དྲ་སྦྲེལ་མཐུད་ལ་ཡོང་རྒྱུར་སྒུག་བཞིན་ཡོད། “ད་ལྟའི་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་ཏུ་འགྲོ་བཞིན་ཡོད”ཅེས་བགྲེས་སོང་སྐྱིད་རྡོར་གྱིས་ཤོད་བཞིན་གསར་འགོད་པ་ནང་དུ་གདན་དྲངས། “ངའི་ཁྱིམ་ལ་འབྲི་གཡག་མགོ་གྲངས་27ཡོད་ནའང་ལོ་གཅིག་ལ་འབྲོག་ལས་ཀྱི་ཡོང་འབབ་སྒོར་5000ཡང་ཟིན་གྱི་མེད་པས་འབྲི་གཡག་ཁོ་ན་གསོས་ཚེ་འཚོ་བ་འཁྱོལ་ཙམ་ལས་མི་འདུག ལོ་གཅིག་ལ་དབྱར་རྩྭ་དགུན་འབུའི་ཡོང་འབབ་སྒོར་ཁྲི་གཅིག་ནས་གཉིས་བར་ཟིན་ནའང་དབྱར་རྩྭ་དགུན་འབུ་ཁོ་ནར་བརྟེན་ཚེ་ཕྱུག་པོ་ཆགས་མི་ཐུབ། ཁྱིམ་དུ་ཕྲུ་གུ་ལོ་ན་གཞོན་པས་ལས་ཀ་བྱེད་པར་སྐྱོད་དེ་འཚོ་བ་སྐྱེལ་སྟངས་འཚོལ་དགོས། ཏང་གི་སྲིད་ཇུས་ནི་འབྲོག་པའི་བློ་གཏད་བཅོལ་ས་ཡིན་པ་དང་དཀའ་ལས་རྒྱག་ཐུབ་པ་ནི་འབྲོག་པའི་གཤིས་རྒྱུད་རེད”ཅེས་བགྲེས་སོང་སྐྱིད་རྡོར་གྱིས་བཤད། ད་ཆ་བགྲེས་སོང་སྐྱིད་རྡོར་གྱི་བུ་ཀུན་བཟང་གྲོང་རྡལ་དུ་གླ་པ་རྒྱུག་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་གསོག་ཐུབ་པ་དེ་ཁྱིམ་དུ་འབྲོག་ལས་བྱེད་པའི་ཡོང་འབབ་ཀྱི་ལྡབ་གཉིས་རེད།

ཆབ་སྔོན་ཁ་གྲོང་ཚོའི་སྤེན་པ་དང་སི་ཁྲོན་བ་ལུའོ་ཏིང་ཧུང་གིས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་བཙུགས་ཡོད། ཐོག་མའི་དུས་སུ་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། ད་ཆ་བཟའ་ཚོ་གཉིས་ནས་གཅིག་གྲོང་རྡལ་དུ་མ་བྱན་ཡིན་པ་དང་གཅིག་ཧྲེན་ཀྲེན་དུ་གླ་པ་རྒྱུག་གི་ཡོད་པས་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་9ལྷག་ཙམ་ཟིན་པ་དང་ཁྱིམ་གྱི་བུ་རྒན་ཤོས་ཀྱང་སློབ་ཆེན་འགྲིམ་བཞིན་ཡོད་པ་རེད།

མང་ཚོགས་གླ་པ་རྒྱུག་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། ཡ་ང་གྲོང་རྡལ་གྱིས“དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད་པ་དང་དབུལ་སྐྱོར་བྱེད་པར་ངེས་པར་དུ་རིག་སྐྱོར་བྱ་རྒྱུ”མཐའ་འཁྱོངས་བྱས་ཏེ་ཕྱོགས་གཅིག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་དང་། དུས་རབས་གསར་པའི་འབྲོག་ཁུལ་གྱི་ཁྲིད་སྦྱོང་ཁང་འཛུགས་པ། གྲོང་ཚོ་རེར་གཟའ་འཁོར་རེར་དུས་བཀག་ཐོག་དབུལ་སྐྱོར་མཚན་མོའི་སློབ་གྲྭ་གཉེར་བ་སོགས་བརྒྱུད་བསམ་བློར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་དམིགས་སའི་རང་བཞིན་ལྡན་པའི་རྩལ་ནུས་རོགས་སྐྱོར་བྱས་ཏེ་ལས་ཞུགས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པས་ངལ་ནུས་ཡོད་པའི་ཁྱིམ་ཚང་དབུལ་པོ་ཚང་མ་རྩལ་ནུས་ཡོད་པ་དང་ལས་ཞུགས་ཐུབ་ཡོད།

2019ལོར་ཡ་ང་གྲོང་རྡལ་གྱི་དུད་ཚང་དབུལ་པོའི་ངལ་རྩོལ་ནུས་ཤུགས་ལྷག་མར་རྩལ་ནུས་གསོ་སྦྱོང་བྱེད་ཚད་100%ཟིན་པ་དང་། ལས་གནས་ལས་ཞུགས་100%སྦྲེལ་མཐུད་ཐུབ་ཡོད། སྦྲ་ཆེན་རྫོང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་ཐེངས་2808ལས་ཞུགས་གཞན་སྒྱུར་བྱུང་ནས་འབབ་འཕར་སྒོར་ཁྲི་3307བྱུང་སྟེ་ཞིང་འབྲོག་མང་ཚོགས“ཁྱིམ་ནས་བྲལ་མི་ཕོད་པ་དང་། དཀའ་ངལ་བཟོད་མི་ཐུབ་པ། ལས་ཀ་བྱེད་མི་ཐུབ་པ། ཡོང་འབབ་གསོག་མི་ཐུབ་པ། ལོངས་སྤྱོད་ལ་ཞེན་ཆགས་པ”བཅས་ཀྱི་སྣང་ཚུལ་ལ་འགྱུར་ལྡོག་བྱུང་ཡོད།

ཐོན་ལས་དར་རྒྱས་དང་ལས་ཞུགས་བརྟན་པོ་ཡོང་བའི་བརྒྱུད་རིམ་ཁྲོད་མང་ཚོགས་དབུལ་པོའི་ངལ་རྩོལ་གྱི་སྤྲོ་སེམས་རབ་ཏུ་འཕེལ་ནས“དབུལ་སྒྲོལ་ཐད་གཞན་སྐུལ་ནས་རང་འགུལ་དུ་གྱུར་བ”དང“རང་ཉིད་དབུལ་སྒྲོལ་ཐུབ་པའི”བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡ་ང་གྲོང་རྡལ་དུ་མང་ཚོགས་དབུལ་པོ་མི་ཉུང་བ་ཞིག་གིས་རང་བརྟེན་ལས་གཏོད་བྱེད་འགོ་ཚུགས་ཡོད། “རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་ཡོང་འབབ་གསོག་པ་དང་དཀའ་སྤྱད་ལ་བརྟེན་ནས་ཕྱུག་པོར་གྱུར་བའི”དཔེ་མཚོན་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ཡོད།

“དུད་ཚང་དབུལ་པོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ལྕག་དང་རོགས་རམ་བྱེད་པ་ནི་ཧ་ཅང་གཟི་བརྗིད་ཆེ་བའི་བྱ་བ་ཞིག་རེད”འདི་ལོ་ལོ་37ལ་སླེབས་པའི་ཚེ་རིང་དབང་འདུས་སྦལ་ཆུ་ཁ་གྲོང་ཚོ་ནས་ཡིན་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན། 2018ལོར་གྲོང་རྡལ་སྲིད་གཞུང་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་རྒྱབ་སྐྱོར་འོག་ཁོང་གིས་དུད་ཚང་དབུལ་པོ་12ཀྱི་སྣེ་ཁྲིད་ནས་སྲིང་བལ་ཉལ་ཆས་ལས་སྣོན་བཟོ་གྲྭ་བཙུགས་པ་མ་ཟད་ལས་སྣོན་བཟོ་གྲྭར་བརྟེན་ནས་གཉེར་སྐྱོང་སྣ་ཚོགས་བྱས་པས་2019ལོར་ཡོང་འབབ་བསྡོམས་སྒོར་ཁྲི་55བྱུང་ཡོད། ཚེ་རིང་དབང་འདུས་ཀྱིས“ངས་འབད་བརྩོན་ཧུར་ཐག་བྱས་ཏེ་དུད་ཚང་དབུལ་པོའི་སྣེ་ཁྲིད་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

ཐོན་ལས་དང་ལས་ཞུགས་ལས་གཏོད་གསུམ་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད་པ་དང་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད། 2019ལོར་ཡ་ང་གྲོང་རྡལ་ཡོངས་དབུལ་སྒྲོལ་ཐུབ་ནས་དབུལ་པོ་གཅིག་ཀྱང་མེད་པ་དང་གྲོང་རྡལ་ཡོངས་ཀྱི་དུད་ཚང་དབུལ་པོར“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བྱུང་ཡོད། མིག་སྔར་ཡ་ང་གྲོང་རྡལ་གྱིས“དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་གཏོང་བ་དང་དམངས་ཕྱུག་འབབ་འཕར་རྒྱུན་མཐུད་ཡོང་བའི”དམིགས་ཚད་ལ་དམིགས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་དཔའ་ངར་ཆེན་པོས་སྐྱོད་བཞིན་ཡོད།

(བསོད་ནམས་བདེ་སྐྱིད་གཞོན་པ་དང་བསྟན་འཛིན་བཟང་མོས་སྒྱུར་ཞུས་བྱས)