《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月05日

མཉམ་སྦྱོང་དང་། མཉམ་སྡོད། མཉམ་གཏོད། མཉམ་སྤྲོ་བཅས་བྱས་ཏེ་མི་རིཌ་མཐུན་སྒྲིལ་གྱི་མཚར་སྡུག་ལྡན་པའི་མཛེས་ལྗོངས་བཏོད་པ།

ཉིང་ཁྲིར་ཇི་ལྟར་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་ཕན་འབྲས་དངོས་ཐོན་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་དགོས་པའི་ཐད་ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་ལ་བཅར་འདྲི་ཞུས་པ་ཡིན།

ཉིང་ཁྲི་ནི་བོད་རིགས་གཙོ་བོར་བྱས་པའི་རྒྱ་རིགས་དང་། མོན་པ། ལྷོ་པ། ཧུད་རིགས། ནུའུ་རིགས་སོགས་མི་རིགས་35དང་ཏེང་པའི་མང་ཚོགས་འཆམ་མཐུན་མཉམ་གནས་ཀྱི་མི་རིགས་མང་པོ་འདུས་སྡོད་ཁུལ་ཞིག་རེད། མ་ཧྲེང་ཁྲང་གིས“ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི‘མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་པའི’མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི‘ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི’མི་རིགས་ལས་དོན་གྱི་བརྗོད་དོན་གཙོ་བོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། ཉིང་ཁྲིའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བས་པ་སངས་དང་། (པར་ངོས་བཞི་པར་གཟིགས)

མཉམ་སྦྱོང་དང་། མཉམ་སྡོད། མཉམ་གཏོད། མཉམ་སྤྲོ་བཅས་བྱས་ཏེ་མི་རིཌ་མཐུན་སྒྲིལ་གྱི་མཚར་སྡུག་ལྡན་པའི་མཛེས་ལྗོངས་བཏོད་པ།

(པར་ངོས་དང་པོར་མཐུད) ཀྲེང་ཐེན་ཁྲེང་། ཁྲེན་ཆན། ཝེ་ཅུན། ཀའོ་རུང་སོགས་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་མི་སྣ་ཁག་གཅིག་ཐོན་ནས་སྐལ་བཟང་མེ་ཏོག་ལྟར་ཉིང་ཁྲིའི་ས་གཞི་ཆེ་མོར་རབ་ཏུ་བཞད་དེ་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་མཐུན་སྒྲིལ་གོང་བུ་གཅིག་ཏུ་སྒྲིལ་ཡོད་ཅེས་གསུངས་པ་རེད།

“མཉམ་སྦྱོང”གི་སྔོན་འགྲོའི་ཆ་རྐྱེན་དེར་དམ་པོར་འཛིན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞི”“ཚད་གཞི་བཞི་ལ་བརྩི་སྲུང་དང་སྔོན་ཐོན་གྲྭ་བཙུན་བརྩོན་ལེན་བྱེད་པའི”ནང་དོན་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་གཏོང་བ་དང་། “ཐུན་མོང་ལྔ་དང་སྲ་བརྟན་ལྔ”ཡི་དམག་དམངས་ཆ་སྒྲིག་འཛུགས་གཏོད་ཀྱི་ཚོད་ལྟ་བྱེད་པ། བོད་རྒྱ་སྐད་གཉིས་ཕན་ཚུན་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱས་ཏེ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཤུགས་ཆེན་དང་། ཏང་གི་དམངས་ཕན་སྲིད་ཇུས་ལ་འཆད་འགྲེལ་གཏིང་ཟབ། མི་རིགས་ཀྱི་དམངས་སྲོལ་རིག་གནས་ཕུལ་བྱུང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས་ཉིང་ཁྲིའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་སྲ་བརྟན་དུ་གཏོང་དགོས་པ་དང་།

“མཉམ་སྡོད”ཀྱི་རྩ་བ་དེར་དམ་འཛིན་བྱེད་དགོས། ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་མཐུན་སྒྲིལ་དེ་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ཁྲོད་གནས་སྤོས་མང་ཚོགས་དང་ཕྱི་ནས་ཡོང་བའི་མང་ཚོགས་ས་གནས་དེ་གའི་མང་ཚོགས་ཁྲོད་གང་མགྱོགས་ཞུགས་རྒྱུར་ཁྲིད་སྟོན་བྱ་རྒྱུར་དེ་བས་སྣང་ཆེན་བྱེད་པ་དང་ལྷག་པར་དུ་སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་ཐོག་ནས། ཕྱི་ནས་ཡོང་བའི་ཐོན་ལས་འཇོན་ཐང་ཅན་དང་ཕྱུག་འགྱུར་འཇོན་ཐང་ཅན་ཉིང་ཁྲིར་གཞིས་ཆགས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་གྲོགས་པོ་བློས་ཐུབ་སྒྲིག་ཐུབ་པ་དང་། འཆམ་མཐུན་ཁྱིམ་མཚེས་བྱེད་ཐུབ་པ། གཉེན་གྲོགས་བཟང་པོ་ཆགས་ཐུབ་པ་བཅས་བྱེད་དགོས་པ།

“མཉམ་གཏོད”ཀྱི་འགག་རྩ་དེར་དམ་འཛིན་ཏན་ཏིག་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུ་དམིགས་ཡུལ་དུ་བྱས་ནས། ལས་ཁུངས་དང་། ཁེ་ལས། སྡེ་ཁུལ། ཤང་དང་གྲོང་རྡལ། གྲོང་ཚོ། སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་གཡུལ་ས་གཙོ་བོ་དང་ཐབས་ལམ་གཙོ་བོར་བྱས་ཏེ། བརྗོད་དོན་ཁ་གསལ་ཞིང་ཁྱད་ཆོས་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཁྲོམ་གཞུང་དང་། ཐང་ཆེན། སྤྱི་གླིང་བཅས་ཁག་གཅིག་གཙོ་གནད་ཐོག་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཚོ་དང་། དཔེ་སྟོན་སྡེ་ཁུལ། དཔེ་སྟོན་སློབ་གྲྭ དཔེ་སྟོན་ཁེ་ལས། དཔེ་སྟོན་དགོན་སྡེ། དཔེ་སྟོན་ཚན་པ་བཅས་ཁག་གཅིག་སྐྲུན་གང་ཐུབ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དྲིལ་བསྒྲགས་ཁྱབ་ཁྱོན་ཆེ་རུ་བཏང་ནས་མི་ཚང་མས་དོ་ཁུར་དང་། མི་ཚང་མས་ཞུགས་པ། མི་ཚང་མས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ།

“མཉམ་སྤྲོའི”དམིགས་ཚད་དེར་དམ་འཛིན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མ་དངུལ་དང་རྣམ་གྲངས་དེ་བས་མང་བ་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་པ་དང་། དམངས་ཀྱི་འདོད་བློ་དང་མཐུན་ཞིང་དམངས་འཚོར་ཕན་པའི་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་པ། མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གནད་དོན་མང་ཙམ་ཐག་གཅོད་བྱེད་པ། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས“ལས་བརྩོན”ཁྲོད་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་མི་རིགས་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས་པ་བཅས་རེད།

(བདེ་སྐྱིད་དང་ཚེ་ཁོས་སྒྱུར་ཞུས་བྱས)