《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月05日

ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

“མི་རིགས་ལྔ་བཅུ་ང་དྲུག མེ་ཏོག་ལྔ་བཅུ་ང་དྲུག མེ་ཏོག་གང་བཞད་ས་ལ། ཉི་འོད་རབ་ཏུ་འཕྲོས་སོང་། ཏང་གི་གཟིགས་སྐྱོང་སྲིད་ཇུས། ཕྱོགས་བཞི་ཀུན་ལ་ཁྱབ་སོང”ཞེས་བྲག་ཡིབ་ཆུས་བུ་ཆུ་ཤང་སྤྲིན་འཁོར་གྲོང་ཚོའི་བུ་བཅོལ་ཁང་དུ་ཝུའེ་ཅན་རུང་གིས་ཕྲུ་གུ་ཚོར་གཞས་ཚིག་རེ་རེ་བཞིན་སློབ་བཞིན་འདུག

“1989ལོར་ང་རང་ཕ་ཡུལ་ནས་ཉིང་ཁྲིར་ལས་མི་བྱེད་པར་ཡོང་བས་ལས་བསྐལ་བཟང་པོས་བྲག་ཡིབ་ཆུས་བུ་ཆུ་ཤང་སྤྲིན་འཁོར་གྲོང་ཚོའི་བུ་མོ་ཁྲ་སྒོར་དང་ངོ་ཤེས་བྱུང་། ཁོང་ཧ་ཅང་སེམས་རྩ་འཁོལ་ལ་ལས་ཀའང་འཇོན་པོ་འདུག དུས་ཚོད་གང་འཚམ་སོང་རྗེས་ང་གཉིས་དབར་ལས་འཕྲོའི་མདུད་པ་ཐེབས་ནས་འཆམ་མཐུན་བདེ་སྐྱིད་ལྡན་པའི་བོད་རྒྱ་ཟུང་འབྲེལ་གྱི་ཁྱིམ་ཚང་ཞིག་བཙུགས་པ་ཡིན”ཞེས་འདི་ལོ་ལོ་59ལ་སླེབས་ཤིང་སི་ཁྲོན་ཞིང་ཆེན་དབྱིང་ཧྲན་རྫོང་ནས་ཡིན་པའི་ཝུའེ་ཅན་རུང་གིས་རང་ཉིད་དང་ཁྲ་སྒོར་དབར་བརྩེ་དུང་གི་མདུད་པ་ཐེབས་པའི་སྐོར་སྤྲོ་བ་ཆེན་པོས་བཤད།

ལོ་དེར་ཁྲ་སྒོར་གྱིས་ཝུའེ་ཅན་རུང་འཁྲིད་དེ་དགའ་དགའ་སྤྲོ་སྤྲོའི་ངང་བུ་ཆུ་ཤང་སྤྲིན་འཁོར་གྲོང་ཚོར་ལོག སྤྲིན་འཁོར་གྲོང་ཚོའི་རྒྱ་རིགས་མག་པ་དང་པོ་ཡིན་པའི་ངོས་ནས་གྲོང་མི་ཚོས་རྟག་ཏུ་ཁྲ་སྒོར་ལ་ཡ་མཚན་གྱི་རྣམ་འགྱུར་སྟོན་གྱི་ཡོད་པ་མ་ཟད། ཝུའེ་ཅན་རུང་གི་གཏམ་སྤྱོད་ལའང་དོགས་པ་ཆེན་པོ་བྱེད་ཀྱི་ཡོད། (པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) “ངས་དེ་དག་ལ་སྣང་བ་བཏང་གི་མེད་ལ་གང་བསམ་གྱི་ཡང་མི་འདུག ངས་གྲོང་མི་ཚོར་བསམ་ཤེས་ཐུབ་མོད། འོན་ཀྱང་ངས་ང་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་མི་ཚོས་ང་རང་ཁས་ལེན་ཐུབ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་ཝུའེ་ཅན་རུང་གིས་བཤད།

དེ་ལྟར་བློ་གཅིག་སེམས་གཅིག་གིས་གྲོང་མི་ཚོར་བྱ་བཟང་སྣ་རེ་སྒྲུབ་འདོད་བྱེད་པའི་ཝུའེ་ཅན་རུང་གིས་གྲོང་ཚོའི་ཕྲུ་གུ་ཚོ་སྤྲིན་འཁོར་གྲོང་ཚོ་ནས་བྲག་ཡིབ་གྲོང་རྡལ་ལམ་ཡང་ན་ཤང་གི་བུ་བཅོལ་ཁང་དུ་སློབ་གྲྭར་འགྲོ་དགོས་སྟབས། ཁྱིམ་བདག་ཚོར་ཕྲུ་གུ་སྐྱེལ་བསུ་བྱེད་པར་རྙོག་དྲ་ཆེ་ལ་བདེ་འཇགས་ཀྱང་དེ་ཙམ་མེད་པ་ཤེས་འཕྲལ། ཁོང་གིས་ནང་ས་དང་ཉིང་ཁྲིར་ཞི་དྲག་གཉིས་སྦྱོང་གི་སློབ་གྲྭ་གཉེར་ནས་བྱུང་བའི་སྒོར་ཁྲི་260བཏོན་ནས་སྤྲིན་འཁོར་གྲོང་ཚོའི་བུ་བཅོལ་ཁང་དང་པོ་དེ་བཙུགས།

གོང་རིམ་གྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཝུའེ་ཅན་རུང་གིས་སློབ་གཉེར་གྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་སློབ་གསོ་སློབ་ཁྲིད་ཀྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ་རེད། མིག་སྔར་སྤྲིན་འཁོར་གྲོང་ཚོའི་བུ་བཅོལ་ཁང་དུ་གྲོང་ཚོ་དེ་རང་དང་ཉེ་འགྲམ་གྲོང་ཚོའི་ཕྲུ་གུ་ཁྱོན་བསྡོམས་100ལྷག་ཙམ་ཡོད། ཕྲུ་གུ་ཚོའི་སྐྱིད་སྣང་དོད་པའི་དགོད་སྒྲ་དང་། སྙན་འཇེབས་ལྡན་པའི་གླུ་སྒྲ དཔེ་དེབ་ཀློག་པའི་སྐད་སྒྲ་བཅས་ཐོས་རིམ་བཞིན་གྲོང་མི་ཚོས་བུ་བཅོལ་ཁང་དེ་ནི་མི་རིགས་མཐུན་སྒྲིལ་གྱི་འབྱུང་གནས་ཡིན་ཞེས་བརྗོད་ཀྱི་ཡོད།

འདི་ལོའི་དཔྱིད་གསར་དུས་ཆེན་སྐབས་ཁོང་དང་བཟའ་ཟླ་ཁྲ་སྒོར་གྱི་རང་ཉིད་ཀྱི་ཕ་ཡུལ་སི་ཁྲོན་དབྱིང་ཧྲན་རྫོང་དུ་གཉེན་འཕྲད་བྱེད་པའི་གོ་སྐབས་བློས་བཏང་སྟེ་ནང་སའི་བུ་བཅོལ་ཁང་འགའ་ཞིག་ལ་ལྟ་སྐོར་བྱེད་པར་བསྐྱོད་པ་ལས་ཁོང་ལ་སློབ་གསོ་དེང་རབས་ཅན་མངོན་འགྱུར་བྱེད་པར་ངེས་པར་དུ་སློབ་གྲྭའི་མཉེན་ཆས་དང་མཁྲེགས་ཆས་གཉིས་ཀ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་མྱོང་བ་ཟབ་མོ་བྱུང་བ་རེད། དེས་ན་ཝུའེ་ཅན་རུང་ཁྱོ་ཤུག་གཉིས་ཀྱིས་སླར་ཡང་ཕྲུ་གུ་ཚོར“ཚན་རྩལ་གླིང”ཞིག་གཏོད་རྒྱུའི་བསམ་བློ་འཁོར་བ་མ་ཟད། དེའི་དོན་དུ་གང་སར་རྒྱུག་བཞིན་ཡོད།

“གཉེན་སྒྲིག་བྱས་པ་ནས་ད་བར་ང་གཉིས་ཕན་ཚུན་འཆམ་པོ་ཡོད་ལ་བརྩི་པོའང་ཡོད། ཝུའེ་ལགས་ཀྱིས་ངའི་ནང་མི་དང་གཉེན་ཉེ་ཚོར་ཡག་པོ་བྱེད་ཀྱི་ཡོད་པ་མ་ཟད། ཡུལ་མི་ཚོ་དང་ཡང་ཧ་ཅང་མཐུན་པོ་ཡོད་པས་མི་ཚོས་བརྩི་བཀུར་ཆེན་པོ་བྱེད་ཀྱི་ཡོད། ད་ཆ་ང་གཉིས་ལ་ཕྲུ་གུ་3ཡོད་ཅིང་། རྒན་ཤོས་སློབ་གྲྭ་ཆེ་མོ་ཐོན་ནས་ལས་ཀ་རག་པས་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད། ཡུལ་མི་ཚོས་ང་རང་ལ་མག་པ་ཡག་པོ་ཞིག་རྙེད་འདུག་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག་ལ་ད་དུང་ང་གཉིས་ནི་གཅིག་སེམས་གཅིག་ཏུ་འབྲེལ་བའི་རྒྱ་བོད་ཁྱོ་ཤུག་ཡག་པོ་ཞིག་རེད་ཅེས་བསྟོད་པའི་མཐེ་བོང་ཡང་སྒྲེང་གི་འདུག”ཅེས་ཁྲ་སྒོར་གྱི་སྤོབས་སེམས་ཆེན་པོས་བཤད། (སྐལ་མཆོག་གིས་བསྒྱུར། བསོད་བདེ་རྒན་པས་ཞུས)