《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月05日

༄༅ནད་སྐོར་།

ཁོ་རང་ནི་དཔེ་ཆ་ལག་དང་མི་བྲལ་བའི་ཤེས་ཡོན་ཅན་སྤྱིར་བཏང་ཞིག་རེད། ཁོ་རང་ནི་ལས་འཁྱུར་མ་བྱས་བར་དུ་འཛིན་གྲྭའི་ཀྲུའུ་རེན་བྱེད་ཀྱི་ཡིན་ཟེར་མཁན་གྱི་དགེ་རྒན་དཀྱུས་མ་ཞིག་རེད། ཁོ་རང་ནི་ང་དང་བར་ཐག་ཀླད་ཀོར་ལས་མེད་པའི་མཆེད་གྲོགས་རབ་གཅིག་རེད།

ཉིན་དེར། དཔེ་དེབ་ལག་ཏུ་ཐོགས་པའི་རྒན་ལགས་ཁོང་བཤད་སྟེགས་གྲུ་བཞི་དེའི་སྟེང་ནས་ས་རུབ་པ་ལྟར་ནག་འཐོམ་མེར་འགྱེལ་སོང་སྐད། ཉིན་དེར། སྨན་རྩིས་ཁང་གི་ནད་ཁྲིའི་སྟེང་ལ་ནད་པ་ཨ་ར་ཟོག་ཟོག་ཅིག་དོ་པོ་ཕབ་པ་ལྟར་ལྗིད་ཏིག་གེར་བཞག་སོང་སྐད། གཉེན་ཉེ་དུ་དང་གྲོགས་དགའ་ཉེ་ཡོད་དོ་ཅོག་སེམས་ཁྲལ་གྱིས་འུར་ཟིང་ངེར་སོང་ལ། ལག་ལས་ཀ་དང་འཁོར་བུ་སློབ་ཐམས་ཅད་ཀུན་ཆ་འཕྲུལ་ལེར་ལུས་སོང་སྐད།

རྒྱུ་དང་རྐྱེན་ལ་ཡང་ཡང་བརྟག་ཅིང་། ཕྱི་དང་ནང་ལ་ཡང་ཡང་བཤེར་རྗེས། དཀའ་ལས་ཁག་དྲཌ་རྒྱུ་མེད་པ་དང་། ཆང་རག་འཐུང་མང་རྒྱུ་མེད་པའི་སྡོམ་ཚིག་དེས། རང་གཞན་ཚང་མ་བསམ་གཞིག་གི་ཀློང་དུ་ཚུད། འདང་རྒྱག་གི་ཀློང་དུ་ཚུད། གནོང་འགྱོད་ཀྱི་ཀློང་དུ་ཚུད། དཀའ་ལས་ཁག་དྲཌ་ཟེར་དུས། སྔ་བར་ཕྱི་གསུམ་དུ་དཔེ་ཁྲིད་མི་སྐྱོང་ལ་ལྷག་བསམ་དཀར་བ་ཁྱོད་ངོ་མ་སྙིང་རྗེ་ཨང་ཟེར། ཡ་ང་ཨང་ཟེར། ཤ་ཚ་ཨང་ཟེར། ཆང་རག་བཏུངས་དྲགས་ཟེར་དུས། ཐོག་མཐའ་བར་གསུམ་དུ་ཤོ་སྦག་ཆང་གསུམ་ལ་བློ་དཀར་བ་ཁྱོད་ངོ་མ་ཐབས་རྡུགས་ལ་ཟེར། སྡུག་པ་ལ་ཟེར། ཡ་མེད་ལ་ཟེར།

རྒན་ལགས་ཁོང་སྨན་ཁང་དུ་ལུས་པའི་སྐོར་དེ། ཁོར་ཡུག་ཆུང་ཆུང་དེའི་ཆ་འཕྲིན་ཚ་ཤོས་སུ་གྱུར་རྗེས། སྤུན་མཆེད་ཚོ་བྲེལ་བྲེལ་འཚུབ་འཚུབ་ངང་བང་སྒྲིག་ནས་སླེབས་བྱུང་། སློབ་མ་ཚོ་འཚང་ཁ་ཤིག་ཤིག་ངང་ཁྱུ་སྒྲིག་ནས་སླེབས་བྱུང་། གྲོགས་མཆེད་ཚོ་ཚ་ཚ་འུར་འུར་ངང་རུ་སྒྲིག་ནས་སླེབས་བྱུང་། མེ་ཏོག་སོས་པ་གཅིག་ལས་གཅིག་མཛེས་པ་ཁམས་བདེའི་འཚམས་འདྲིར་ཕེབས་བྱུང་། ཤིང་ཏོག་སོས་པ་གཅིག་ལས་གཅིག་ཞིམ་པ་ལུས་གསོའི་གྲོགས་སུ་བྱོན་བྱུང་། འོ་མ་སོས་པ་གཅིག་ལས་གཅིག་མངར་བ་བཏུང་བའི་བཅུད་དུ་སྨིན་བྱུང་།

མི་འགྱངས་པར་རྒན་ལགས་ཁོང་སྨན་ཁང་དུ་ལུས་པའི་ཆ་འཕྲིན་དེ་གཅིག་གིས་བཅུ་དང་། བཅུ་ཡིས་བརྒྱ་ལ་བཤད་རྗེས། གསར་འགྱུར་དེ་ཡང་གཤོག་པ་རྒྱས་ཏེ། ཆང་རག་ཚོད་མེད་འཐུང་གི་ཡོད་པ་འདྲ་ཟེར་བ་དང་། ཆང་ཁང་ནང་འགྱེལ་བ་མིན་ནམ་ཟེར་བ་སོཌ་ཀྱི་ཆ་འཕྲིན་གསར་པ་ཞིག་ལ་བརྒྱུད་སྐུར་བྱེད་འགོ་ཚུགས། གསར་འགྱུར་དེ་དད་ཞེན་དང་ཕུགས་འདུན་གཅིག་ཅིང་། མཛའ་བཤེས་ཕྱི་ཐག་རིང་བའི་གྲོགས་མཆེད་གཞན་ཞིག་གིས་གོ་རྗེས།དགོང་མོ་དེར་ཁོང་གི་གཉིད་ཐེབས་ཀྱང་བཅག་སོང་ཟེར།

ནམ་རྒྱུན་འགྲོ་དང་ཤོག་རྐྱང་རྐྱང་ཟེར་ཞིང་། ཟོ་དང་འཐུང་ཁོ་ན་ལབ་མཁན་དག་དང་བསྡུར་ན། ཁོང་ནི་བྱ་གཞག་ལ་ཤི་འཐམ་རོ་འཐམ་དང་། བདེ་ཐང་ལ་མཐོང་ཆེན་སྣང་ཆེན་བྱེད་མཁན་ཞིག་ཡིན་གཤིས། ཆང་རག་བཏུངས་དྲགས་ནས་སྨན་ཁང་དུ་ལུས་འདུག་ཟེར་དུས་སེམས་ཁྲལ་མི་སྐྱེ་བ་དང་ཁོང་ཁྲོ་མི་ལངས་པ་གང་ནས་སྲིད།

གྲོགས་མཆེད་ཁོང་ཡང་དགའ་ཉེ་སྤུན་མཆེད་གཞན་དང་འདྲ་བར་གང་མགྱོགས་སྨན་ཁང་ལ་ནད་སྐོར་རྒྱག་པར་སླེབས་བྱུང་། ཁོང་རང་སྨན་ཁང་དུ་འོང་དུས། བསྙུན་འདྲི་བ་གཞན་དང་འདྲ་བར་མེ་ཏོག་སོས་པ་བསྣམས་འདུག ཤིང་ཏོག་དང་འོ་མ་སོས་པ་ཡང་འཁྱེར་འདུག ད་དུང་ཆེད་མངགས་སྦི་རག་ཤེལ་དམ་གཅིག་ཀྱང་ཉོས་འདུག ད་ནི་མི་བཟོ་དགུ་བཟོ་བཟོ་མཁན་གྱི་གཏེ་པོ་ཁོ་ཡིན་པ་འདྲ། ད་དུང་མུ་མཐུད་འཐུང་མི་འཐུང་མནོ་བསམ་ཡག་པོ་ཐོངས་ཤིག་ཅེས་སྦི་རག་ཤེལ་དམ་དེ་སྒྲོག་ཙེའི་སྟེང་བཞག་ནས་རླུང་འཚུབ་འཚུབ་ངང་བཞུད་སོང་།

ཡུད་ཙམ་ནས་ནང་མི་སླེབས་བྱུང་། སྒྲོག་ཙེའི་སྟེང་གི་སྦི་རག་མཐོང་སོང་། ད་རང་སྨྱོ་བ་མིན་ནམ། ད་དུང་ཡང་ཨ་རག་འཐུང་གི་ཡོད་དམ་ཟེར་ནས་ཧང་སངས་སངས་བྱེད། སྨན་པ་སླེབས་བྱུང་། སྒྲོག་ཙེའི་སྟེང་གི་སྦི་རག་རིག་སོང་། ད་རང་རྫབ་ཆེན་རང་རེད། སྨན་ཁང་ནང་ལ་ཡང་ཨ་རག་འཁྱེར་ཡོད་དམ་ཟེར་ནས་ཧོན་འཐོར་འཐོར་བྱེད། དུས་ཐུང་སྐར་མ་གཅིག་གཉིས་ནང་གཤེ་གཤེ་ཐེངས་གཉིས་གཟེད་རྗེས། རྒན་ལགས་ཁོང་སྦི་རག་ཤེལ་དམ་གཅིག་དེ་ཐག་གཅོད་གང་འདྲ་བྱེད་དགོས་མིན་མ་ཤེས་པར་ཧད་དེ་ལུས།