《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月05日

༄༅།།ཕ་ཡུལ་གྱི་སྤང་ཐང་།

ཕ་ཡུལ་གྱི་སྤང་ཐང་། གཞོམ་གཞིག་བྲལ་བའི་ནམ་མཁའི་ཁྱོན་དང་འདྲ་བའི་སྤང་ཐང་མཛེས་པོ། གསེར་གྱི་ཐང་ག་དང་གཡུ་ཡི་རྡོ་གཅལ། ད་དུང་འོད་དཀར་གྱི་གཟི་བྱིན་ས་ལ་བརྒྱན་པའི་ཕ་ཡུལ་གྱི་སྤང་ཐང་། ནམ་ཡང་གདོན་བགེགས་ཉེར་འཚེ་དང་བྲལ་ཞིང་འཕྲལ་ཕུགས་ཀུན་སྐྱིད་ཀྱི་ངོ་བོར་གྲུབ་པའི་ཕ་ཡུལ་གྱི་སྤང་ཐང་། བློ་མིག་ཟུང་ལྡན་ཀུན་གྱི་མིག་ཡིད་རྣ་བའི་བཅུད་དུ་སྨིན་པའི་ཕ་ཡུལ་གྱི་སྤང་ཐང་། ཕ་ཡུལ་འདམ་གཞུང་གི་སྤང་ཐང་།

ཕ་ཡུལ་གྱི་སྤང་ཐང་། འདུ་འཛིའི་གཡའ་དང་བྲལ་ཞིང་སོས་དལ་གུ་ཡངས་སུ་གནས་པའི་སྤང་ཐང་མཚར་པོ། གཡང་དཀར་གྱི་འབའ་སྐད་དང་ནོར་གནག་གི་ངུར་སྒྲ། ད་དུང་གྱི་ལིང་གི་འཚེར་སྐད་ལྷང་ལྷང་གྲགས་སའི་ཕ་ཡུལ་གྱི་སྤང་ཐང་།

ཕ་ཡུལ་གྱི་སྤང་ཐང་། ས་ཕྱོགས་གང་དུ་སླེབས་ཀྱང་ཡིད་ཀྱི་དྲན་ཤིང་ཁྱེད་ལ་འཆོར་བའི་སྤང་ཐང་བདེ་མོ། སྔོ་ལྗང་གི་སྤང་ཐང་དང་། ད་དུང་འོ་ཕྱུར་གྱི་རྒྱ་མཚོའི་རླབས་ཕྲེང་འཁྱིལ་བའི་ཕ་ཡུལ་གྱི་སྤང་ཐང་། ཤ་མར་གྱི་ཕུང་པོ་རི་བོའི་མཁའ་ལ་བསྙེགས་པའི་ཕ་ཡུལ་གྱི་སྤང་ཐང་། དེ་བས་ནག་ནོག་གི་དྲི་དང་བྲལ་ཞིང་། བཅོས་མིན་བཞིན་མདངས་ཀྱི་འཛུམ་ཕྲེང་དགོད་པའི་ཕ་ཡུལ་གྱི་སྤང་ཐང་། གཞན་ཡུལ་ངལ་དུབ་གསེང་ནས་ངེས་ངེས་པོར་དྲན་པའི་ཕ་ཡུལ་གྱི་སྤང་ཐང་། ཕ་ཡུལ་འདམ་གཞུང་གི་སྤང་ཐང་།

ཕ་ཡུལ་གྱི་སྤང་ཐང་། སེམས་ཀྱི་ཟབ་སའམ་ཞེ་ཡི་རྩ་བ་རུ་གྲུབ་པའི་སྤང་ཐང་དྲིན་ཆེན། སྦྲ་གུར་གྱི་དྲོད་ཁོལ་དང་ཕ་མ་ཡི་བྱམས་སྐྱོང་། ད་དུང་ཚེ་སྲོག་གི་རིན་ཐང་དུ་གྲུབ་པའི་ཕ་ཡུལ་གྱི་སྤང་ཐང་། ནམ་ཡང་ཡིད་ངོར་བརྟན་དུ་འགྱིང་བའི་གནས་མལ་དང་རིན་ཐང་གི་གཉོམ་ལག་རྒྱས་སའི་ཕ་ཡུལ་གྱི་སྤང་ཐང་།

ཕ་ཡུལ་གྱི་སྤང་ཐང་། ངའི་མི་ཚེའི་གོམ་ཁ་བསྒྱུར་ས་དང་མ་འོངས་ཀྱི་ཕུགས་བསམ་མངོན་ས། ཕ་ཡུལ་གྱི་སྤང་ཐང་། ཕ་ཡུལ་འདམ་གཞུང་གི་སྤང་ཐང་།