《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月05日

༄༅།།དབྱར་ཟླ་དྲུག་པ།

རྟག་བརྟན་ཚུགས་ཐུབ་ཀྱི་ཆོས་ཉིད་བྲལ་བའི་སྣང་སྲིད་ཀྱི་ཤེས་བྱ་དག་འདྲེན་ལམ་དུ་བསུ་དུས། དེ་ནི་མགལ་མེའི་འཁོར་ལོ་བཞིན་ཐོག་མཐའ་འཛིན་དུ་དབེན་པའི་གཅིག་སྣེ་གཅིག་སྦྲེལ་གྱི་ཆོས་ཉིད་ཅིག རེད་ཡཱ། ཐོག་དང་པོར་སྐེ་ལ་ཁ་བཏགས་ཤིག་དང་། ལག་ལ་གོས་སྒམ་ཞིག དེ་བཞིན་རྒྱབ་ལ་དཔེ་ཁུག་གཅིག་ཁུར་ཏེ་སློབ་གཉེར་གྱི་ལམ་དུ་བཞུད་པ་ནས། བགྲང་བྱ་བཅུ་དྲུག་ཙམ་ཞིག་སོང་རྗེས། ད་གཟོད་ཆར་ཆུ་མོད་པའི་དབྱར་ཟླ་དྲུག་པ་འདིར། ཁྱོད་ཚོ་སླར་ཡང་ལམ་ལ་བཞུད་རན། མི་ལོ་བཅུ་དྲུག་ནང་ལམ་དང་ལམ་གྱི་མཚམས་ཚིགས་རེ་རེ་ནས། ཁྱོད་རྣམས་ཀྱིས་འབད་པ་ཆེན་པོས་ལམ་བུ་རེ་རེ་བདམས་ཡོད་ལ། དཔེ་ཀློག་དང་དཔེ་ཀློག་གི་བར་གསེང་དུ་ཁྱོད་རྣམས་ཀྱིས་ཤེས་རིག་གི་ཉིང་ཁུ་རེ་རེའི་བྲོ་བའང་མྱངས་ཡོད། དེ་ལ་དེ་མཐུན་གྱི་ཉམས་མྱོང་ཞིག་དང་ཁ་ཕྱོགས་ཤིག དེ་བཞིན་དགའ་ཕྱོགས་ཤིག་ཀྱང་སྐྱེད་སྲིང་བྱས་ཡོད། འོན་ཀྱང་། ལང་ཚོ་ནི་འགྲན་རྩོད་ལ་དབང་ཞིང་། འགྲན་རྩོད་ནི་གློག་དམར་ལ་འཁྱུད་ཟིན་པའི་དུས་རབས་འདིར། ཁྱོད་ཚོའི་ལང་ཚོའི་ཅང་ཤེས་དེར་འགྲན་ཆོག་ཆོག་གི་སྲབ་ཁ་དེ་བསྐོན་ཟིན་ནམ།

སློབ་ཐོན་པ་ལགས། ཁྱོད་ཚོ་དང་ན་མཉམ་གྱི་བྱང་འབྲོག་གི་གཞོན་ནུ་མང་དག་ཅིག ཁུ་སིམ་མེར། འཇམ་ཐིང་ངེར་ཁ་ཆར་བུ་ཡུག་གི་ཀློང་ནས་ནོར་གནག་གི་རྨིག་རྗེས་འདེད་ཀྱིན་ཡོད། མ་གཞི་ཁ་ཆར་དང་བུ་ཡུག་མོད་ཀྱང་། རྫི་གླུ་སྙན་མོ་ཡི་གདངས་དབྱངས་སྤང་ལྗོངས་ལས་ཡལ་མ་མྱོང་། སློབ་ཐོན་པ་ལགས། ཁྱོད་ཚོ་དང་ན་མཉམ་གྱི་སོ་ནམ་པའི་གཞོན་ནུ་མང་དག་ཅིག ཁུ་སིམ་མེར། འཇམ་ཐིང་ངེར་བཙའ་སད་ཐན་གསུམ་གྱི་ཀློང་ནས་འཇོར་དང་སྦྱག་མར་འགྲོག་གིན་ཡོད། མ་གཞི་བཙའ་སད་ཐན་གསུམ་གྱིས་གཙེས་ཀྱང་། ལས་གཞས་འཁྲུག་པོའི་ཆར་རྒྱུན་ཆད་མ་མྱོང་། དེ་རིང་། མི་ལོ་བཅུ་དྲུག་གི་འགྲུལ་བཞུད་ལ་བཞི་ཤད་འཐེན་གྱིན་པའི་ཁྱོད་ཅག་གིས། ནང་མིའི་མངག་ཆ་དག་དོན་དུ་བསྟར་ཡོད་དམ། སློབ་དཔོན་གྱི་བཀའ་སློབ་དག་ཡིད་ལ་བཅངས་ཡོད་དམ། འགྲན་རྩོད་དང་འགྲན་རྩོད་ལ་དབང་བའི་དུས་རབས་འདིར། ཁྱོད་ཅག་ད་དུང་འཛུམ་དཀར་གྱིས་ཡོད་ཚད་བསུ་བར་མོས་ཀྱིན་ཡོད་དམ། ཁྱོད་ཚོར་ད་དུང་མ་འོངས་ཉེར་བསྡོགས་དང་འབྲེལ་བའི་གླུ་ཆུང་ཞིག་ལེན་གྱིན་ཡོད་དམ། བྱ་རྒྱལ་རྒོད་པོས་ནམ་འཕང་གཅོད་བཞིན་ལྡིང་ལ། གསེར་མིག་ཉ་མོས་ཆུ་མོར་རྐྱལ་བཞིན་འགྲོ ཅང་ཤེས་རྟ་ཕོས་ཀྱང་བང་རྩལ་འགྲན་བཞིན་སྐྱོད་དུས། ཁྱོད་ཅག་གི་ཐོས་བསམ་ལས་སྨིན་པའི་རྣམ་དཔྱོད་དེ་གང་ཞིག་ལ་བཞུད་རྩིས་ཡོད་དམ།

ཟླ་བ་དྲུག་པ། དགའ་སྐྱོ་འདྲེས་མའི་ཟླ་བ། ཐོབ་ཤོར་མང་བའི་ཟླ་བ། རྒྱལ་ཕམ་རྩོད་པའི་ཟླ་བ། མདོར་ན། ཆགས་སྡང་དང་སྐྱིད་སྡུག་གི་བར་གསེང་ནས་འཚོ་གིན་འཚོ་གིན་བོར་ངེས་པའི་ཟླ་བ་ཞིག་དང་། འགྲན་རྩོད་དང་ཕྲག་དོག་གི་བྱེ་རི་ལ་གུག་གིན་གུག་གིན་འཛེག་དགོས་པའི་ཟླ་བ་ཞིག ཟླ་བ་དྲུག་པ། འདས་ཟིན་མང་པོར་འགྱོད་པ་འཕེན་པའི་ཟླ་བ་ཞིག་ཀྱང་ཅིས་མ་ཡིན་ལགས།

ཟླ་བ་དྲུག་པར། ཁྱོད་ཚོ་ལམ་དུ་བཞུད་དུས། མི་ལོ་བཅུ་དྲུག་གི་ཤེས་བྱའི་ལྡེ་མིག་དེ་སྣོམས་ཤིག མི་གཤིས་དྲང་མོ་ཡི་སྒེར་ཚུགས་དེ་བརྟན་ཅིག འབྲེལ་མེད་སྙམ་སྙམ་དུ་གང་སྦྱངས་གོ་ཆོད་མེད་ཚུལ་གྱི་སྡུག་ཡུས་དེ་བོར་ཅིག རྟེན་འབྲེལ་གྱི་ཆོས་ཉིད་ལ་ཡིད་ཆེས་མཛོད་ཅིག

ཟླ་བ་དྲུག་པར། ཁྱོད་ཚོ་ལམ་ལ་བཞུད་དུས། མི་ལོ་བཅུ་དྲུག་གི་ཕུགས་བསམ་དེ་མངོན་འགྱུར་མཛོད་ཅིག ང་རྒྱལ་གྱི་མགོ་བོ་དེ་མར་ལ་དུད་ནས་བརྩོན་འགྲུས་ཀྱི་མགོ་འཕང་དེ་དགུང་ལ་བསྙེགས་ཏེ། བདག་ཉིད་བདག་གི་མགོན་དུ་སྙམ་གྱིན། དཀའ་ཚེགས་རེ་རེ་ཉམས་མྱོང་དང་ཁྱད་གསོད་རེ་རེ་སྐུལ་ལྕག་ཏུ་སེམས་ཀྱིན། འབད་ཅིག འབུངས་ཤིག མ་འོངས་ཀྱི་ལང་ཚོ་ནི་བརྩོན་འགྲུས་ཅན་ལ་དབང་ངེས་པའི་གཏན་ཚིགས་བློ་ལ་སྒོམས་ཤིག