《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月05日

༄༅།།རྒྱལ་དར་འོག་གི་གཏམ་བཤད།

བརྩེ་བའི་སློབ་ཕྲུག་ཚོ། དེ་རིང་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་བགྲང་བྱ་99འཁོར་བའི་དུས་སྟོན་གྱི་ཉིན་མོ་རེད། བཀྲ་ཤིས་རྫོགས་ལྡན་གྱི་ཉིན་མོ་འདི་ནི་དོན་སྙིང་དམིགས་བསལ་ལྡན་པའི་ཉིན་མོ་ཞིག་ཡིན་གཤིས། ཀྲུང་ཧྭའི་བུ་ཕྲུག་ཚང་མས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བཞིན་མཆིས། དུས་བཟང་འདིར་ཁྱེད་ཅག་གི་དགེ་བའི་བཤེས་གཉེན་དུ་ཁས་འཆེས་པའི་ཁོ་བོས་ཀྱང་སྐར་ལྔའི་དར་དམར་གྱི་འོག་ཏུ་ལངས་ནས་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་ཁྱེད་རྣམས་ལ“མཛེས་སྡུག་ལྡན་པའི་ཤེས་རིག་གི་དགའ་ཚལ་ཞིག་བསྐྲུན་དགོས”ཞེས་པའི་གཏམ་བཤད་ཐུང་ཐུང་ཞིག་མཉམ་སྤྱོད་ཞུ།

བརྩེ་བའི་སློབ་ཕྲུག་ཚོ། གལ་ཏེ་སློབ་གྲྭ་ཞིག་ལ་ཤེས་རིག་གི་མཛེས་སྡུག་ལྡན་དགོས་ན། འདི་རུ་ཆུ་ལ་ཉ་མོ་འཁྱུག་པ་ལྟ་བུའི་ཤེས་བྱའི་གནས་ལ་འབད་བཞིན་པའི་སློབ་མའི་ཁྱུ་ཚོགས་ཤིག་ཡོད་དགོས། གལ་ཏེ་སློབ་མ་ཞིག་ཤེས་ཡོན་གྱིས་རབ་ཏུ་ཕྱུག་དགོས་ན། གང་དེར་དུས་ཚོད་གཙིགས་སུ་འཛིན་པའི་བསམ་པའི་འདུ་ཤེས་བླ་ལྷག་ཅིག་ཡོད་དགོས། གལ་ཏེ་སྐྱེ་བོ་གང་ཞིག་མཛེས་སྡུག་ལྡན་པར་གྱུར་དགོས་ན། ཁྲ་ཁྲ་སིལ་སིལ་གྱི་ཕྱི་ཡི་གྱོན་གོས་གཅིག་པུས་མི་ཡོང་བར། དེ་ལས་གལ་ཆེ་བ་ནི་ནང་སེམས་ཤེས་བྱས་ཕྱུག་པ་དང་ཀུན་སྤྱོད་ཀྱིས་རབ་ཏུ་བརྒྱན་པ་ཞིག་ཡིན་དགོས། གལ་ཏེ་མཛེས་སྡུག་ལྡན་པའི་ཤེས་རིག་གི་དགའ་ཚལ་ཞིག་བསྐྲུན་དགོས་ན། སྣ་མང་ཤེས་བྱར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནུས་པའི་སློབ་མའི་ཁྱུ་ཚོགས་ཤིག་ངེས་པར་ཡོད་དགོས། དེ་ཡང་། སློབ་མའི་ཁྱུ་ཚོགས་དེ་ནི་སློབ་མའི་གཟུགས་སྟོབས་ཆེ་ཆུང་གིས་གྲུབ་པ་མིན་ལ། དབང་ཤེད་ཆེ་ཆུང་གིས་དེ་བས་ག་ལ་གྲུབ། དེ་ནི་ཡ་རབས་ཀུན་སྤྱོད་ཀྱིས་བརྒྱན་ཞིང་ཤེས་ཡོན་གྱིས་ཕྱུག་པའི་སློབ་མའི་ཁྱུ་ཚོགས་ཁོ་ནའོ།

དུས་རབས་འཕེལ་རྒྱས་ཀྱི་གོམ་འགྲོས་གློག་ལྟར་མྱུར་བའི་དེང་གི་སྤྱི་ཚོགས་ནང་། ཤེས་བྱ་ཡོན་ཏན་ནི་ལ་མོ་སྒྲོལ་བའི་འཁར་བ་དང་ཆུ་བོ་བརྒལ་བའི་ཟམ་པ་ཡིན། ཤེས་ཡོན་གྱིས་སྤྱི་ཚོགས་ཧྲིལ་པོའི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་ལ། ང་ཚོའི་རྨོངས་འཐོམ་གྱི་བསམ་བློར་དེ་བས་འགྱུར་ལྡོག་གཏོང་ཐུབ། ཤེས་ཡོན་ནི་རང་སོའི་ལུས་སྟེང་གི་ཡན་ལག་གལ་ཆེན་དང་འདྲ་ལ། རང་ཉིད་ཀྱི་མི་ཚེ་གཅིག་གི་མདུན་ལམ་དང་ཡང་འབྲེལ་བ་ཆེ། ཕུགས་བསམ་མེད་པའི་མི་དེ་ནི་རྣམ་ཤེས་མེད་པའི་ཁྱི་དང་འདྲ་ཞེས་འཇིག་རྟེན་གྱི་གཏམ་དཔེར་གྲགས་པས། ན་ཆུང་སློབ་མ་ཁྱེད་ཚོས་ཤེས་རིག་གི་དགའ་ཚལ་ནང་སློབ་ལ་འབད་བརྩོན་མཐར་ཕྱིན་པ་བྱས་ཏེ། ཏང་དང་མེས་རྒྱལ་གྱི་བཀའ་དྲིན་ཡིད་ལ་བཅངས་ནས། རང་གི་ཕུགས་བསམ་མངོན་གྱུར་ཆེད་དུ་འབད་པས་མདུན་ནས་མདུན་དུ་བསྐྱོད་དགོས་ཨང་།