《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》བཟོ་བ་དང་ལག་ལེན་བསྟར་བ་ནི་ཏང་གིས་ཏང་ལ་དོ་དམ་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པའི་བླང་བྱ་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་དམངས་གཙོའི་དབང་ཆར་བརྩི་འཇོག་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འདེམས་བསྐོ་བྱེད་སྟངས་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་ཡིན། དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་སྒྲིག་འཛུགས་ནུས་པ་ཆེ་རུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱེད་པ་དང་། ཏང་གི་གཏན་འབེབས་ལག་ལེན་བསྟར་བ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱེད་པ། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན། འདེམས་བསྐོའི་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ། ཏང་ནང་ཁུལ་གྱི་འདེམས་བསྐོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ཏང་གི་སྒྲིག་ཡིག་ནང་བཀོད་པའི་ཏང་ཡོན་གྱི་དབང་ཆ་འགན་ལེན་བྱེད་དགོས་པ་མ་ཟད། ཏང་གི་འདུ་ཤེས་དང་། ཆབ་སྲིད་ཀྱི་འདུ་ཤེས། སྒྲིག་ལམ་གྱི་འདུ་ཤེས་བཅས་ཀྱང་ཆེ་རུ་གཏོང་དགོས་པ་དང་། སློབ་གསོ་སྔོན་ནས་གཏོང་རྒྱུ་དང་། ཉེན་བརྡ་སྔོན་ནས་གཏོང་རྒྱུ། སྔོན་འགོག་སྔོན་ནས་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་སྒྲིལ་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྐབས་བརྗེའི་སྒྲིག་ལམ་བཅས་ནན་དུ་བཏང་ནས་འདེམས་བསྐོ་སྤྱོད་གཙང་གཞུང་དྲང་ཡོང་བ་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ《ཀྲུང་གོ་གུང་ཁྲན་ཏང་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ནི་མི་དམངས་དམག་དཔུང་འཛུགས་སྐྱོང་བྱེད་པ་དང་འཕེལ་རྒྱས་གཏོང་བའི་འགག་རྩ་ཡིན། དེ་དམག་དཔུང་སྟོབས་ཆེན་གྱི་བྱ་གཞག་དར་རྒུད་དང་རྒྱལ་ཕམ་ཇི་ཡོང་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ་ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་མིན་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན། 《ཀྲུང་གོ་གུང་ཁྲན་ཏང་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག》བཟོས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད་ལ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་ཐུབ་པའི་འགན་ལེན་བྱ་རྒྱུ། དུས་རབས་གསར་པའི་དམག་དཔུང་གི་འགན་འཁྲི་དང་ལས་འགན་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ། མི་དམངས་དམག་དཔུང་གི་ངོ་བོ་དང་།

(པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དམིགས་ཡུལ། རང་གཤིས་བཅས་ནམ་ཡང་གནས་ཐུབ་པའི་འགན་ལེན་བྱ་རྒྱུ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ། མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་ཞིག་ཏུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཀྱང་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་དག་ཐེར་ལ་སྦྱོང་བརྡར་མུ་མཐུད་གཏིང་ཟབ་བྱེད་པ་བཅས་བྱས་ནས་རྦད་དེ་ལྷག་བསམ་རྣམ་དག་དང་། རྦད་དེ་དྭངས་གཙང་། རྦད་དེ་བློས་འགེལ་ཆོག་པ་བཅས་ཡོང་བ་བྱེད་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་གྲ་སྒྲིག་པ་དང་དམག་རྒྱག་པར་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ། རྩ་བའི་ཚད་གཞི་གཅིག་པུ་ཡིན་པའི་འཐབ་འཛིང་ནུས་པ་དེ་མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ལ་ལག་བསྟར་བྱས་ནས་ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་འདི་ཉིད་གཞན་ལས་རྣམ་པར་རྒྱལ་བའི་ལེགས་ཆ་ཞིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། རང་ངོས་གསར་བརྗེ་བྱེད་ཕོད་པར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་རྒྱུན་ཆད་མེད་པར་ཡོང་བ་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། 《ཀྲུང་གོ་གུང་ཁྲན་ཏང་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ཧྲུའུ་ཅིའི་དཔུང་ཁག་དང་ཚན་ཁག་གི་ཁོངས་མི་མངོན་གསལ་དོད་དུ་ བཏང་ནས་སློབ་སྦྱོང་དང་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ཐོག་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་གཏོང་དགོས། འགོ་ཁྲིད་ཀྱིས་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ《ཀྲུང་གོ་གུང་ཁྲན་ཏང་དམག་དཔུང་གི་ཏང་འཛུགས་སྐྱོང་སྲོལ་ཡིག》ལག་བསྟར་ནུས་ལྡན་དང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རིམ་ཏང་རྩ་འཛུགས་འདེམས་བསྐོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཏང་གིས་ཕྱོགས་ཡོངས་ནས་འགོ་འཁྲིད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་ནང་ཁུལ་གྱི་འདེམས་བསྐོའི་ལམ་ལུགས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་ལ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》བཟོ་བ་དང་ལག་ལེན་བསྟར་བ་ནི་ཏང་གིས་ཏང་ལ་དོ་དམ་བྱེད་དགོས་པ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཡོན་གྱི་དམངས་གཙོའི་དབང་ཆར་བརྩི་འཇོག་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འདེམས་བསྐོ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་བྱ་སྤྱོད་ཞིབ་ཕྲ་ཞིག་ཀྱང་ཡིན། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་སྒྲིག་འཛུགས་བྱེད་ནུས་ཆེ་རུ་བཏང་སྟེ། གཞི་རིམ་ཏང་རྩ་འཛུགས་འདི་ཉིད་ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱེད་པ་དང་། ཏང་གི་གཏན་འབེབས་ལག་ལེན་བསྟར་བ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱེད་པ། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་གཏོད་བྱས་ནས་ཏང་གི་ཡུན་རིང་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདེམས་བསྐོའི་ལམ་ལུགས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ཏེ། ཏང་ནང་ཁུལ་གྱི་འདེམས་བསྐོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་། ཏང་གི་སྒྲིག་ཡིག་ནང་བཀོད་པའི་ཏང་ཡོན་གྱི་དབང་ཆ་འགན་ལེན་བྱེད་དགོས་པ་མ་ཟད། ཏང་གི་འདུ་ཤེས་དང་། ཆབ་སྲིད་ཀྱི་འདུ་ཤེས། ལམ་ལུགས་ཀྱི་འདུ་ཤེས་བཅས་ཀྱང་ཟབ་ཏུ་གཏོང་དགོས་པ་དང་། འཐུས་མིའི་ཐོབ་ཐང་གི་ཆ་རྐྱེན་ནན་དུ་བཏང་སྟེ་ཚད་ལྡན་གྱི་འཐུས་མི་ཞིག་འདེམས་དགོས། འཐུས་མིའི་མི་གྲངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་འཐུས་མིའི་གྲུབ་ཆ་ལེགས་སུ་བཏང་སྟེ་ཐོན་སྐྱེད་དང་ལས་ཀའི་འཐབ་ས་དང་པོའི་འཐུས་མིའི་བསྡུར་གྲངས་འགན་ལེན་བྱེད་དགོས། སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་ལ་བརྩི་མཐོང་། ཚན་ཁག་གི་གྲུབ་ཆ་ལུགས་མཐུན་བཅས་ཀྱི་རྩ་དོན་གཞིར་བཟུང་ཨུ་ཡོན་གྱི་འོས་མི་འདེམས་དགོས། སློབ་གསོ་སྔོན་ནས་གཏོང་རྒྱུ་དང་། ཉེན་བརྡ་སྔོན་ནས་གཏོང་རྒྱུ། སྔོན་འགོག་སྔོན་ནས་བྱ་རྒྱུ་བཅས་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་སྒྲིག་ལམ་དང་། རྩ་འཛུགས་ཀྱི་སྒྲིག་ལམ། སྐབས་བརྗེའི་སྒྲིག་ལམ་བཅས་ནན་དུ་བཏང་ནས་འདེམས་བསྐོ་སྤྱོད་གཙང་གཞུང་དྲང་ཡོང་བ་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད་ཀྱིས《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》ལག་བསྟར་གྱི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་ཚགས་ཚུད་པོ་བྱེད་པ་བཅས་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་འགག་སྒོ་ནན་གྱིས་སྲུང་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་ཡོན་དང་འཐུས་མིས་དམངས་གཙོའི་དབང་ཆ་ཡང་དག་ངང་སྤྱོད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་འདེམས་བསྐོའི་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་ཏང་དོན་རྐང་འཛིན་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྐུལ་འདེད་དང་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྲོལ་ཡིག》གི་གཏན་འབེབས་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

(སྤེན་ཚེ་དང་དཔའ་མོས་སྒྱུར་ཞུས་བྱས)