《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年07月01日

རང་སྐྱོང་ལྗོངས་སྲིད་གཞུང་གིས་ནོར་སྲིད་པུའི་སི་ཁྲོན་ལྟ་འདོམས་ཅུས་བོད་སྐྱོད་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གིས་ནོར་སྲིད་པུའི་སི་ཁྲོན་ལྟ་འདོམས་ཅུས་བོད་སྐྱོད་ལས་དོན་ཚོགས་ཆུང་དང་ལྷ་སར་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

བཞུགས་མོལ་ཚོགས་འདུའི་ཐོག ལས་དོན་ཚོགས་ཆུང་གིས་རང་ལྗོངས་ཀྱི་འབྲེལ་ཡོད་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་པའི་ཐོག་མའི་འབྲས་བུ་བརྡ་ཁྱབ་བཏང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་ཀའི་ཕན་འབྲས་སྔར་བས་ཆེ་རུ་གཏོང་རྒྱུའི་སྐོར་ལ་གྲོས་འགོ་ཡང་བཏོན་པ་རེད།

ཀྲོང་ཡན་གྱིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ཀྲུའུ་ཞི་ཆེ་དགྲ་ལྷའི་ཚབ་ཞུས་ནས་ལས་དོན་ཚོགས་ཆུང་དང་བཅས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་འབྲེལ། ནོར་སྲིད་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་ཤིང་།

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད) ཁོང་གིས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་གཙོ་སྐྱོང་གནང་ནས་འཚོགས་པ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་སྟེ། ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་བ་དང་། མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་གནང་བ། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་བཏོན་གནང་ནས་ང་ཚོས་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ་དང་གསོན་ཤུགས་ཆེན་པོ་བསྣན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་བ་བཅས་བྱས་པས་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོད་པ་དང་། དཔལ་འབྱོར་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་སོང་བ། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་འཆམ་མཐུན་ཡོད་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་བོད་འདི་ཉིད་ལོ་རྒྱུས་ཐོག་གི་དུས་སྐབས་ཡག་ཤོས་ཤིག་ཏུ་གནས་ཡོད། ད་རེས་ཀྱི་ཆེད་དོན་ཞིབ་བཤེར་ལས་དོན་སྤེལ་བ་དེ་ཐོག་ནས་ནོར་སྲིད་པུས་རང་ལྗོངས་ཀྱི་ནོར་སྲིད་ལས་དོན་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ་ལས་དོན་ཚོགས་ཆུང་གིས་ཆེད་དོན་ཞིབ་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་ཧུར་ཐག་ཞུས་ནས་གནད་དོན་དང་མི་འདང་ས་འཚོལ་ཞིབ་བྱེད་པའི་རྨང་གཞིའི་ཐོག་ལས་དོན་ལེགས་བཅོས་ཀྱི་སྲིད་ཇུས་དང་གྲོས་འགོ་བཏོན་ནས་རང་ལྗོངས་ཀྱི་ནོར་སྲིད་ལས་དོན་གྱི་ཕན་འབྲས་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

(ཉི་དོན་གྱིས་བསྒྱུར། ཉི་དོན་དང་པད་ཆོས་ཀྱིས་ཞུས)