《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月29日

གཡག་རྭ་སྐམ་པོ་ཕྱུག་འགྱུར་གྱི“ནོར་བུར”གྱུར་པ།

དབྱར་རྩྭ་དགུན་འབུ་བརྐོ་བར་མ་འགྲོ་གོང་། གྲོང་མི་སྐལ་བཟང་ཚེ་རིང་གིས་རང་ཁྱིམ་གྱི་གཡག་རྭ་བསྡུ་གསོག་ཡག་པོ་བརྒྱབ་ཅིང་། ཁོང་གིས“སྔོན་ཆད་གཡག་བཤས་རྗེས་གཡག་རྭ་དབྱུག་གི་ཡོད། ད་ཆ་ང་ཚོའི་གྲོང་ཚོར་གཡག་རྭ་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ཡོད་པས་གཡག་རྭ་འཚོང་ཐུབ་ཀྱི་འདུག ཁྱོད་ཀྱིས་ལྟོས་དང་། ངའི་ལག་གི་གཡག་རྭ་20འདི་དག་ལ་དངུལ་སྒོར་80ལྷག་རག་གི་རེད། དངོས་གནས་ནོར་བུར་གྱུར་འདུག”ཅེས་འཛུམ་དམུལ་དམུལ་ངང་བཤད།

གཡག་རྭ་ལས་སྣོན་བཟོ་གྲྭའི་སྐོར་གླེང་སྐབས་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་སྤུ་ཐང་གྲོང་ཚོའི་རང་བྱུང་ཆ་རྐྱེན་ནས་གླེང་དགོས།

སྤུ་ཐང་གྲོང་ཚོ་ནི་སྟེང་ཆེན་རྫོང་སྟེང་ཆེན་གྲོང་རྡལ་གྱི་ནུབ་བྱང་རྒྱུད་དུ་གནས་ཡོད་ལ། མི་རེའི་ཆ་སྙོམས་རྨོ་ཞིང་རྒྱ་ཁྱོན་མུའུ་0.4ལས་མེད་ཀྱང་། རྩྭ་རའི་རྒྱ་ཁྱོན་བསྡོམས་འབོར་མུའུ་317758ཟིན་ནས་དཔེ་མཚོན་གྱི་འབྲོག་ལས་གྲོང་ཚོ་ཞིག་ཡིན། གྲོང་ཚོ་ཧྲིལ་པོས་གཙོ་བོ་ནོར་གནག་གསོ་ཚགས་བྱེད་ཀྱི་ཡོད། 2019ལོར་ནོར་གནག་མགོ་གྲངས་5306ཟིན་ཡོད་པ་དང་། སྟེང་ཆེན་རྫོང་གི་འབྲོག་ཁུལ་དང་ས་འབྲེལ་ཡིན་སྟབས་གཡག་རྭ་ལས་སྣོན་བཟོ་གྲྭར་མ་བཅོས་རྒྱུ་ཆ་ཕུན་སུམ་ཚོགས་པོ་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།

སྔོན་ཆད། སྤུ་ཐང་གྲོང་ཚོའི་གྲོང་མིར་མཚོན་ན། གཡག་རྭ་ནི་བེད་མེད་ཅིག་ཡིན་པས་ཕྱིར་དབྱུག་གི་ཡོད་པ་དང་། ཡིན་ན་ཡང་2019ལོ་ནས་བཟུང་གནས་ཚུལ་འདི་ཧ་ལམ་མཐོང་རྒྱུ་མེད་པ་རེད།

2018ལོའི་ཟླ་གསུམ་པར། སྤུ་ཐང་གྲོང་ཚོས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་གཡག་རྭ་ལས་སྣོན་བཟོ་གྲྭ་ཞིག་འཛུགས་རྒྱུའི་རེ་ཞུ་བྱས་པ་རེད།

2019ལོའི་ཟླ་བཞི་པར། སོ་སོས་བརྩོན་ཞིབ་ལོ་གཅིག་བྱས་ཀྱང་གྲུབ་འབྲས་མ་ཐོན་པས་སྤུ་ཐང་གྲོང་ཚོས་ཕྱི་ནས་ལག་རྩལ་ནང་འདྲེན་བྱ་རྒྱུའི་ཐག་བཅད་པ་དང་སྦྲགས“ཤིང་བཟོ་བ་ཐན་ལགས”ཞེས་པའི་ཀུང་སི་ནས་འཕྲུལ་ཆས་ཁག་ཅིག་ཉོས་པ་དང་། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) དེ་རྗེས་སྟེང་ཆེན་རྫོང་མི་སྤྱི་ཅུས་ཀྱིས་སྤུ་ཐང་གྲོང་ཚོར་གཡག་རྭ་ལས་སྣོན་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཞིག་གཉེར་བའི་ཐོག “ཤིང་བཟོ་ཐན་ལགས”ཀྱི་སྐྲ་ཤད་ཇུས་འགོད་དང་སྐྲ་ཤད་བཟོ་པ་གདན་འདྲེན་ཞུས་ནས་སློབ་ཚན་ཁྲིད་དེ། རང་མོས་ཐོག་ཞུགས་མཁན་གྲོང་མི་9ལ་གསོ་སྦྱོང་བྱས་པ་རེད།

སྐབས་དེ་དུས་ལིའུ་ཆིང་གསོ་སྦྱོང་འཛིན་གྲྭར་ཞུགས་པ་རེད།

ལིའུ་ཆིང་ནི་སྟེང་ཆེན་རྫོང་གི་ཚོན་ལྡན་ངར་ལྕགས་ཚོང་ཁང་ཞིག་གི་སྦྱིན་བདག་ཡིན་ལ། སྐབས་དེར་སྤུ་ཐང་གྲོང་ཚོར་ཚོན་ལྡན་ངར་ལྕགས་ཀྱི་ཁང་པ་རྒྱག་བཞིན་ཡོད་པས་ལས་ཀ་མཚམས་བཞག་རྗེས་གསོ་སྦྱོང་འཛིན་གྲྭར་ཕྱིན་ནས་གཡག་རྭའི་སྐྲ་ཤད་བཟོ་སྟངས་སྦྱོང་བར་འགྲོ་གི་ཡོད། ཁོང་གིས“སྐབས་དེའི་ངའི་དམིགས་ཡུལ་ནི་བཟའ་ཟླར་གཡག་རྭའི་སྐྲ་ཤད་ཅིག་བཟོ་རྒྱུ་དེ་ལས་གཞན་ཅི་ཡང་མེད”ཅེས་བཤད།

2019ལོའི་ལོ་མཇུག་ཏུ། སྤུ་ཐང་གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གཡག་རྭ་ལས་སྣོན་བཟོ་གྲྭ་དེ་ལོ་རེར་སྒོར་ཁྲི་1བྱས་ནས་འགན་གཙང་སྤྲོད་རྒྱུའི་ཐག་བཅད་པ་དང་། གཡག་རྭའི་སྐྲ་ཤད་བཟོ་འདོད་ཆེ་བའི་ལིའུ་ཆིང་གིས་ཐེ་ཚོམ་ཅི་ཡང་མེད་པར་བཟོ་གྲྭ་འགན་གཙང་བླངས་པ་རེད།

བཟོ་གྲྭ་འགན་གཙང་བླངས་ཀྱང་མ་བཅོས་རྒྱུ་ཆ་མེད་པས། ལིའུ་ཆིང་གིས་ཕྱོགས་གང་སར་བསྐྱོད་ནས་གཡག་རྭ་ཉོས་པ་རེད། ལིའུ་ཆིང་གིས་ཡ་རུའི་རྭ་ཅོ་ལས་ཉོ་གི་མེད་པ་རེད། རྒྱུ་མཚན་ནི་གཡག་རྒན་གྱི་རྭ་ཅོ་སྐམ་དྲགས་པས་སྐྲ་ཤད་བཟོས་ཀྱང་ཆག་སླ་བས་རེད། གཡག་རྭ་ཉོ་བར་དཀའ་ལས་ཁག་པོ་མེད། བཟོ་གྲྭ་མ་བཙུགས་གོང་། སྤུ་ཐང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གཡག་རྭའི་དགེ་མཚན་དྲིལ་བསྒྲགས་བྱེད་མྱོང་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། གཡག་རྭ་སྤྱི་རྒྱ་རེར་སྒོར་4ཡིན་ལ། འབྲོག་པ་ཚོས་དངོས་ཟོག་བརྗེ་རེས་ཀྱང་བྱེད་ཀྱི་ཡོད། དཔེར་ན་གཡག་རྭ་ཁྱེར་ནས་སྐྲ་འཁྲུའི་ཡི་ཙི་དང་། ཤོག་བུ། སོ་སྨན་སོགས་འཚོ་བའི་ཉེར་མཁོ་དང་བརྗེ་ཆོག“གཡག་རྭ་རེའི་ལྗིད་ཚད་ཧ་ལམ་སྤྱི་རྒྱ་རེ་ཡིན་ལ། སྤྱིར་བཏང་འབྲོག་དུད་རེར་ཉུང་མཐར་ཡང་གཡག་རྭ་20ཡན་ཡོད། སྔོན་ཆད་འབྲོག་པ་ཚོས་གཡག་རྭ་ནི་གད་སྙིགས་ལ་བརྩིས་ནས་ཕྱིར་དབྱུགས་ཀྱི་ཡོད་པས། ང་ཚོ་ཉོ་སྒྲུབ་བྱེད་པར་འགྲོ་སྐབས་ཁོང་ཚོས་གད་སྙིགས་ལས་བསྒྲུགས་ཏེ་ང་ཚོར་བཙོངས་བྱུང་། ང་ཚོས་གཡག་རྭ་ལས་སྣོན་བྱས་ཚེ་ཁོར་ཡུག་སྲུང་སྐྱོང་ཐུབ་པ་མ་ཟད་ད་དུང་བེད་མེད་ཟོག་རོ་སླར་ཡང་བེད་སྤྱོད་ཀྱང་བྱེད་ཐུབ”ཅེས་ལིའུ་ཆིང་གིས་བཤད།

ཟླ་བ་གཅིག་ལྷག་རིང་། ལིའུ་ཆིང་གིས་གཡག་རྭ་སྤྱི་རྒྱ་1000ཉོས་པ་དང་། ཁོང་གི་འགྲེམས་སྒྲོམ་ནང་ཉ་དབྱིབས་དང་། ལོ་མའི་དབྱིབས། ཁྱུང་གི་དབྱིབས་སོགས་ཀྱི་གཡག་རྭའི་སྐྲ་ཤད་བཅུ་གྲངས་ཤིག་བཤམས་ཡོད་པ་དང་། “འདི་དག་ཚང་མ‘ཤིང་བཟོ་བ་ཐན’ལགས་ཀུང་སིའི་ལག་རྩལ་མི་སྣས་བཞག་པའི་དེབ་ཀྱི་ནང་འཁོད་པ་ལྟར་བཟོས་ཡོད” “གཡག་རྭ་གཅིག་གིས་སྐྲ་ཤད་2ནས་4བར་བཟོ་ཐུབ་ལ་སྐྲ་ཤད་རེའི་ཆ་སྙོམས་རིན་གོང་སྒོར་100ཡིན། ཡིན་ན་ཡང་ལག་རྩལ་ཡག་པོ་མེད་པའམ་ཡང་ན་རྒྱུ་ཆ་ཡག་པོ་མེད་པའི་རྐྱེན་གྱིས་བེད་མེད་དུ་འགྱུར་ཚད་ཀྱང་མང་པོ་འདུག”ཅེས་ལིའུ་ཆིང་གིས་བཤད།

གཡག་རྭའི་སྐྲ་ཤད་ཀྱི་ཁྲོམ་རའི་མདུན་ལམ་ཐད་ལིའུ་ཆིང་གིས་སེམས་ཁྲལ་བྱེད་ཀྱི་མེད། རྒྱུ་མཚན་ནི་གཡག་རྭའི་སྐྲ་ཤད་ལ་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ནས། གཡག་རྭའི་སྐྲ་ཤད་དེ་ཉིད་ཡུལ་སྐོར་ཁྲོམ་རའི་ཐོན་རྫས་བྲིན་ཤོས་ཤིག་ཏུ་གྱུར་ཡོད། ཁོང་གིས་འདི་ལོའི་ཟླ་བདུན་པར་གཡག་རྭའི་སྐྲ་ཤད་བཟོ་རྩལ་གྱི་གསོ་སྦྱོང་འཛིན་གྲྭ་ཞིག་གཉེར་རྩིས་ཡོད་པ་དང་། དེའི་ཁྲོད་ནས་སློབ་མ་ཁ་ཤས་བདམས་ནས་ལས་སྣོན་བཟོ་གྲྭར་གཏོང་རྩིས་ཡོད་པ་དང་། སྔོན་དཔག་ལྟར་ན་སྤུ་ཐང་གྲོང་ཚོར་ལས་ཞུགས་ལས་གནས་བཞི་ལྔ་ཙམ་མཁོ་འདོན་བྱས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)