《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月29日

བུད་མེད་ཞིང་བྲན་ཞིག་ནས་དཔེ་བཟང་ཤང་ཀྲང་བར་གྱི་འགྱུར་ལྡོག

སྟག་རྩེ་ཆུས་ལ་མོ་ཤང་ལྷ་ས་གྲོང་ཁྱེར་གྱི་ཤར་རྒྱུད་སྤྱི་ལེ་60ལྷག་ཙམ་གྱི་སར་གནས་ཤིང་། དེའི་རྒྱབ་ངོས་ནི་མུ་ལ་མུ་འབྲེལ་གྱི་ཀོང་པོ་བར་ལ་དང་། མདུན་ངོས་ནི་ལང་ལོང་དུ་རྒྱུགས་པའི་ལྷ་སའི་སྐྱིད་ཆུ་ཡིན་ཞིང་། དེ་ནི་ལྷ་ས་ནས་ཀོང་པོ་རྒྱ་མདའ་དང་ཆབ་མདོ་གྲོང་ཁྱེར་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་རེད། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། འདི་ཁུལ་གྱི་ཞིང་བྲན་ལ་གཉའ་གནོན་ཉིས་བརྩེགས་ཕོག་པ་སྟེ། དེ་གའི་ཞིང་བྲན་བདག་པོའི་བཤུ་གཞོག་དང་གཉའ་གནོན་ཕོག་པ་ཕུད། ད་དུང་ལོ་འཁོར་མོ་རྒྱུན་ཆད་མེད་པར་འདི་ཁུལ་བརྒྱུད་འགྲོ་འོང་བྱེད་མཁན་སྐུ་དྲག་དང་། དཔོན་རིགས། བོད་དམག་བཅས་ཀྱིས་བསྙད་འདོགས་རྒྱུ་འཕྲོག་བྱེད་ཀྱི་ཡོད། བུད་མེད་ཞིང་བྲན་སྒྲོལ་མ་དབྱངས་ཅན་ཁྱིམ་ཚང་ནི་ལ་མོ་ཤང་གི་ཁྱིམ་ཚང་དབུལ་ཕོངས་ཀྱི་གྲས་ཤིག་ཡིན་པ་དང་། ལོ་རེའི་ཐོན་འབབ་80%ཞིང་བྲན་བདག་པོས་བཙན་འཕྲོག་བྱས་པས། རི་སྐྱེས་སྔོ་ཚོད་སོགས་ལ་བརྟེན་ནས་འཚོ་ཐབས་བྱེད་རྒྱུ་ལས་ཐབས་གཞན་མེད། ཁོ་མོའི་པ་ཕ་ཁྲལ་འུ་ལག་ལོ་བཅུ་ལྷག་ཙམ་རྒྱུག་རྗེས་ཞིང་བྲན་བདག་པོས་ཉེས་རྡུང་དྲག་པོ་བཏང་བས་ཚེ་ལས་འདས། ཁོ་མོ་མུ་མཐུད་པ་ཕའི་ཚབ་ཏུ་ཁྲལ་འུ་ལག་རྒྱུག་དགོས་བྱུང་བ་མ་ཟད། ད་དུང་། འབྲུ་རིགས་རྒྱ་མ་ཁྲི་བརྒྱད་ལྷག་ཙམ་གྱི་སྐྱེད་ཆེའི་བུ་ལོན་ཟུག དམངས་གཙོའི་བཅོས་སྒྱུར་བྱས་རྗེས། སྒྲོལ་མ་དབྱངས་ཅན་ལ་རང་ཉིད་ཀྱི་ས་ཞིང་དང་ཁང་པ་བགོ་བཤའ་རག་པ་མ་ཟད། ད་དུང་བློ་སེམས་མཐུན་པའི་ཡར་ལངས་ཞིང་བྲན་ཞིག་དང་གཉེན་སྒྲིག་བྱས་ནས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཟིན་པ་རེད། བུད་མེད་དཀྱུས་མ་ཞིག་གི་ངོས་ནས་བརྗོད་ན། དེ་ནི་འཚོ་བའི་ནང་གི་བདེ་སྐྱིད་ཆེ་ཤོས་ཤིག་ཡིན་སྲིད། སྒྲོལ་མ་དབྱངས་ཅན་གྱིས་བློ་བརྟན་འགྱུར་མེད་ངང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ནས། ས་ཞིང་བགོ་བཤའ་རག་པའི་ཉིན་དང་པོ་ནས་བཟུང་རྒྱ་ཆེའི་ཡར་ལངས་ཞིང་བྲན་ཚོ་དང་མཉམ་དུ་ཕ་ཡུལ་གྱི་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་ཕྱིར་དཀའ་ཚེགས་ཆེ་བའི་འབད་འཐབ་བྱས་ཤིང་། དམངས་གཙོའི་བཅོས་སྒྱུར་རྗེས་ཀྱི་དུས་ཐུང་ལོ་4ཡི་ནང་སྒྲོལ་མ་དབྱངས་ཅན་བུད་མེད་ཞིང་བྲན་ཞིག་ནས་ཞིང་པའི་མཐུན་ཚོགས་ཀྱི་ཀྲུའུ་རེན་དང་ཤང་ཀྲང་དུ་གྱུར་བ་མ་ཟད། ད་དུང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་དང་ཆབས་ཅིག་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་རེད།

1961ལོའི་དབྱར་ཁར། ལ་མོ་ཤང་གི་གྲོ་ཞིང་ལ་གློ་བུར་དུ་མཐོང་དཀོན་པའི་ཐན་པ་བསྟན་པ་རེད། ཡུལ་མི་ལ་ལ་དངངས་སྐྲག་ཆེན་པོ་བྱུང་ནས་མུ་ཁར་སྐད་ཤུགས་ཆེན་པོས་ངུ་བ་དང་། འགའ་རེ་ཁྱིམ་དུ་ལས་དབང་ཅི་བབས་བསྒུགས་ནས་བསྡད། དེའི་སྐབས་སུ། སྒྲོལ་མ་དབྱངས་ཅན་གྱིས་ཉིན་དེ་རང་གི་དགོང་མོ་ཤང་ཡོངས་ཀྱི་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ནས། ཚང་མ་འཕྲལ་དུ་ཐན་འགོག་འཐབ་རྩོད་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཤིང་། ཁོ་མོས“གནམ་ཆུ་བསྒུགས་ནས་སྡོད་པའི་དུས་ཚོད་ཡོལ་བ་རེད། ང་ཚོས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ལོ་ཏོག་འདེབས་པ་དང་ཞིང་ཆུ་འདྲེན་དགོས”ཞེས་བརྗོད་པ་དང་། ཁོ་མོ་རང་ཉིད་ཀྱིས་ཆུ་ཟོམ་རྒྱབ་ཏུ་དང་པོ་ཁུར་ནས་ལྷ་ས་སྐྱིད་ཆུ་ནས་གཡང་གཟར་བའི་རི་ལྡེབས་སུ་ཆུ་དབོར་བ་རེད། ཁོ་མོའི་སྐུལ་ཁྲིད་འོག་ཤང་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་ཞུགས་ནས་ཟླ་བ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་རི་ལྡེབས་ཀྱི་ས་ཞིང་མུའུ་60ལྷག་ཙམ་གྱི་གྲོ་ཞིང་ལ་ཐན་སྐྱོན་མི་ཕོག་པ་བྱས་པ་རེད། ཤང་ཡོངས་ཀྱི་རི་ཐང་ས་ཞིང་གི་ཆུ་འདྲེན་ཆ་རྐྱེན་ལེགས་སུ་གཏོང་ཆེད། སྒྲོལ་མ་དབྱངས་ཅན་གྱིས་སླར་ཡང་ཤང་ཡོངས་ཀྱི་མང་ཚོགས་དང་མཉམ་དུ་ཆུ་འགོ་བཙལ་ནས་ཆུ་མཛོད་ཆུང་གྲས་7བཟོས་ཏེ། ས་ཞིང་མུའུ་800ལྷག་ཙམ་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱས་པ་རེད།

དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ལ་མོ་ཤང་དུ་དུད་ཚང་240ལྷག་ཙམ་ཡོད་པའི་ནང་། དུད་ཚང་189ནི་ཟ་འབྲུ་དཀོན་པའི་དུད་ཚང་རེད། ལོ་4སོང་རྗེས། ཤང་ཡོངས་ཀྱི་དུད་ཚང་ཚང་མར་འབྲུ་རིགས་ལྷག་མ་ཡོད་པ་དང་། ཤང་ཡོངས་ཀྱི་མི་གྲངས་1140ལ་མི་རེར་ཆ་སྙོམས་འབྲུ་རིགས་རྒྱ་མ་450ཙམ་ཡོད་པ་རེད། དེ་སྔ་ཕྱོགས་བཞི་མཚམས་བརྒྱད་ནས་རླུང་བུ་ལྡང་བའི་སྡོད་ཁང་ཐབས་ཆག་ཏུ་སྡོད་མཁན་ཞིང་བྲན་དབུལ་པོ་མང་པོ་ཞིག་གིས་ལོ་4ཡི་དུས་ཚོད་ནང་སྡོད་ཁང་གསར་པ་73བསྐྲུན་པ་དང་། བཟོ་བཅོས་བརྒྱབ་པའི་སྡོད་ཁང་91ཟིན་ནས་ཤང་ཡོངས་ཀྱི་མི་ཚང་མར་སྡོད་ཁང་ཡོད་པ་དང་ཕྱུགས་རིགས་ལ་བ་ཚང་ཡོད་པ་མངོན་འགྱུར་བྱུང་བ་རེད། དེས་མ་ཚད། ཐོན་སྐྱེད་ཡོ་བྱད་ཀྱང་དེ་སྔ་ལས་མང་དུ་ཤུགས་ཆེན་ཕྱིན་ནས། ཤང་ཡོངས་སུ་ལྕགས་གཤོལ་ཁོ་ན་340བར་མང་དུ་ཕྱིན་པ་དང་། ཞིང་སྤྱོད་ཡོ་བྱད་ཆུང་གྲས་སྟོང་ཕྲག་ཁ་ཤས་བར་མང་དུ་ཕྱིན་ཡོད་ལ། རྨོ་ཕྱུགས་240བར་མང་དུ་ཕྱིན་ཡོད་པ་རེད།

1963ལོའི་ཟླ་3པར། ལ་མོ་ཤང་དུ་ལོ་རྒྱུས་ཐོག་གི་དམངས་གཙོའི་འདེམས་བསྐོ་ཐེངས་དང་པོ་བྱས་ཤིང་། འདེམས་བསྐོའི་ཚོགས་ཆེན་ཐོག་འདེམས་དམངས་663གྱིས་འདེམས་ཤོག་ཆ་ཚང་ཐོག་ནས་སྒྲོལ་མ་དབྱངས་ཅན་མུ་མཐུད་ཁོང་ཚོའི་ཤང་ཀྲང་ལ་བདམས་པ་དང་། མི་རྣམས་ཀྱིས་ཁོང་ལ་ཁ་བཏགས་བསྒྲོན་ནས་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ན་གཞོན་བུད་མེད་ཤང་ཀྲང་དེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“ང་རང་ཞིང་བྲན་བུད་མེད་ཅིག་ནས་ཤང་གི་ཤང་ཀྲང་ལ་གྱུར་སོང་། འདི་ནི་སྔོན་ཆད་རྨི་ལམ་དུའང་རྨིས་པར་དཀའ། ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིས་ང་ཚོ་བོད་ཀྱི་མི་དམངས་ཡོངས་དང་། ལྷག་དོན་དུ་བོད་ཀྱི་བུད་མེད་རྣམས་ལ་དེ་རིང་གི་དུས་རབས་གསར་པ་འདི་བཏོད་གནང་བ་རེད”ཅེས་བརྗོད་པ་རེད།

(རྩོམ་ཡིག་འདིའི་ནང་དོན་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས)

(པ་ཚེས་བསྒྱུར། པ་ཚེ་དང་དཀོན་མཆོག་སྒྲོལ་མས་ཞུས)