《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月29日

དེ་སྔ་འབྲི་གཡག་ལ་སྟེར་བའི“སྔོ་གཟན”དེས། ད་ཆ་མང་ཚོགས་ཚོའི་འབབ་འཕར་གྱི་མཆོག་ནོར་ལ་གྱུར་པ།

ཉུང་མ་ཆུང་ཆུང་ལས་བསྐྱེད་པའི་འབབ་འཕར་གྱི་ལམ་བཟང་།

ཉིན་ཤས་རིང་། རི་བོ་ཆེ་རྫོང་རི་བོ་ཆེ་གྲོང་རྡལ་གཤམ་ཁྱིམ་གྲོང་ཚོར་འདེམས་མངགས་བྱས་པའི་ཀྲི་པུའི་ཧྲུའུ་ཅི་ཚའེ་ཤིན་ཕིང་དྲ་ཐོག་ཏུ“སླ་ང་”འདེམས་པའི་ལས་ལ་བྲེལ་ཞིང་། གྲོང་ཚོའི་ཉུང་མ་ལས་སྣོན་བཟོ་གྲྭས་ནུས་ཆེའི་ཚ་ཉར་ནུས་རྒྱུ་གྲོན་ཆུང་གི་ཐང་སྐོལ་སྣོད་ནང་འདྲེན་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཁོང་གིས“ཆེད་སྤྱོད་སླ་ངས་ཐོན་སྐྱེད་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་གཏོང་ཐུབ་པས། སྐབས་དེ་དུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྔར་བས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུ་རེད”ཅེས་བརྗོད།

ཚའེ་ཤིན་ཕིང་གིས། དུས་ཡུན་རིང་པོའི་ནང་། ཡུལ་མི་ཚོས་གཙོ་བོ་རི་སྐྱེས་སྨན་རྩྭ་འཐུ་བར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། རིག་གནས་ཆུ་ཚད་ཡོངས་ཁྱབ་ཏུ་དམའ་བ་དང་། བསམ་བློ་རྙིང་ཞེན་རྗེས་ལུས་ཡིན་པས། གྲོང་ཚོ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཐེབས་ཡོད། 2017ལོར་གཤམ་ཁྱིམ་གྲོང་ཚོ་ཡོངས་དབུལ་སྒྲོལ་ཐུབ་མོད། འོན་ཀྱང་དབུལ་སྒྲོལ་རྗེས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྔར་བཞིན་སྟོང་པ་རེད་ཅེས་གསར་འགོད་པར་བརྗོད།

2018ལོའི་ཟླ་6པར། གཤམ་ཁྱིམ་གྲོང་ཚོས་ས་གནས་དེ་གའི་ཉུང་མ་འདེབས་པའི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་ནས། ཉུང་མ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། མཉམ་ལས་ཁང་བཙུགས་པ་བརྒྱུད་གཤམ་ཁྱིམ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྟོང་ཆ་གསབ་ཡོད།

གཤམ་ཁྱིམ་གྲོང་ཚོས་ཉུང་མའི་ཐོན་ལས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱེད་པའི་སྐོར་གླེང་སྐབས། ཚའེ་ཤིན་ཕིང་གིས། གཤམ་ཁྱིམ་གྲོང་ཚོའི་ས་བབ་མཐོ་ཚད་སྨི་4300ཟིན་པ་དང་། ཉི་འོད་འཕྲོས་ཡུན་རིང་བ་མ་ཟད། ད་དུང་རོང་ཁུལ་དུ་གནས་ཤིང་ཆར་ཆུ་མང་བ་དང་། གཞན་ལ་མེད་པའི་གནམ་གཤིས་ཆ་རྐྱེན་བཟང་པོ་ལྡན་པས་གཤམ་ཁྱིམ་གྲོང་ཚོས་བཏབ་པའི་ཉུང་མའི་བྲོ་བ་གཞན་དང་མི་འདྲ་བ་ཞིག་ཡོད། དེས་མ་ཚད། གཤམ་ཁྱིམ་གྲོང་ཚོར་སྔར་ནས་ད་བར་ཉུང་མ་འདེབས་པའི་ལོ་རྒྱུས་ཡོད་ལ། ཆབ་མདོར་བཅིངས་འགྲོལ་བཏང་ཚུན། གྲོང་ཚོ་དེ་ཡོངས་ཀྱི་ཉུང་མ་འདེབས་ཁྱོན་མུའུ་50ནས་150ལྷག་ཙམ་བར་མང་དུ་ཕྱིན་པ་མ་ཟད། ཐོན་འབོར་ཡང་མང་དུ་ཤུགས་ཆེན་ཕྱིན་ནས་གཤམ་ཁྱིམ་གྲོང་ཚོས་ཉུང་མའི་ཐོན་ལས་འཕེལ་རྒྱས་གཏོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་གསར་འགོད་པར་བརྗོད།

གྲ་སྒྲིག་ཨང་གསར་བྱས་ཏེ། དགོས་ངེས་ཀྱི་ཆ་རྐྱེན་ལ་སྒུག་ཅིང་། 2018ལོར། རྫོང་དེ་ཡོངས་ཀྱི་མཉམ་སྡེབ་དཔལ་འབྱོར་མེད་པའི་གྲོང་ཚོ་40ལ་དམིགས་ནས། རི་བོ་ཆེ་རྫོང་གིས་གྲོང་ཚོ་རེར་སྒོར་ཁྲི་20སྤྲད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་སྤྱད་པ་རེད། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མ་དངུལ་ཡོད་པས། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ལས་བྱེད་པས་འཕྲལ་མ་ཉིད་དུ་བྱ་སྤྱོད་སྤེལ་བ་རེད།

2018ལོའི་ཟླ་6པར། གྲོང་ཚོས་ཀུང་ཧྥེང་ཅ་ཉུང་མ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། 2019ལོའི་ཟླ་དང་པོར། མཉམ་ལས་ཁང་གིས་ཚོད་ལྟ་ཐེངས་མང་བྱས་ཏེ་ཉུང་མ་ཆུ་བཙོས་བརྒྱབ་ནས་ཉུང་མ་སྐམ་པོའི་ཐོན་རྫས་བཟོས་པ་རེད། ལོ་དེའི་ཟླ་4པར། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཚེ་རིང་ཆེ་བ་སོགས་ཀྱིས་ཉུང་མ་སྐམ་པོའི་ཐོན་རྫས་ཁྱེར་ནས་རྫོང་གྲོང་དུ་འཚོང་བར་བསྐྱོད། བསམ་ཡུལ་ལས་འདས་པ་ཞིག་ལ། ཁྲོམ་རའི་ཐོག་བྲིན་ཁ་རྒྱུག་པོ་བྱུང་ནས་ཉིན་དེ་རང་དུ་ཚང་མ་བཙོངས་ཐུབ་པ་རེད།

རི་བོ་ཆེ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་ཆོས་འཕེལ་གྱིས“གཤམ་ཁྱིམ་གྲོང་ཚོའི་ཉུང་མའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་ནི་རི་བོ་ཆེ་རྫོང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚོད་ལྟ་ཞིག་རེད”ཅེས་གསར་འགོད་པར་བརྗོད་པ་དང་། ཁོང་གིས་རི་བོ་ཆེ་རྫོང་ནི་ས་མ་འབྲོག་གི་རྫོང་ཞིག་ཡིན་པ་དང་། ཉུང་མ་ཐོན་ཚད་ཅུང་མཐོ་བ་དང་། མུའུ་རེར་ཆ་སྙོམས་ཐོན་ཚད་རྒྱ་མ་3000ལྷག་ཙམ་ཟིན་གྱི་ཡོད། རྫོང་དེ་ཡོངས་ཀྱི་འཕེལ་རྒྱས་ཐོན་ལས་ཆེན་པོ་བཞིའི་གྲས་ཤིག་ཡིན་པའི་ངོས་ནས། རི་བོ་ཆེ་རྫོང་གིས་ས་མཐོའི་ལྗང་མདོག་ཉུང་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་སྟེ། ཕྱོགས་གཅིག་ནས་ཉུང་མ་གཞི་ཁྱོན་ཆེན་པོས་འདེབས་རྒྱུར་སྐུལ་ལྕག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཉུང་མའི་ཐོན་ལས་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་པ་དང་འབྲེལ། རི་བོ་ཆེ་རྫོང་དྲི་ཞིམ་བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སི་འཛུགས་རྒྱུར་རོགས་སྐྱོར་བྱས་ཡོད། 2017ལོར། ཁེ་ལས་དེས་རི་བོ་ཆེ་རྫོང་ནས་ཉུང་མ་ཏུན་750ལྷག་ཙམ་ཉོས་པ་དང་། དེ་དག་ས་མདོ་གྲོང་རྡལ་དང་། ལྗིག་སྟོད་ཤང་། རི་བོ་ཆེ་གྲོང་རྡལ། མཁར་དམར་མདོ་ཤང་སོགས་ཀྱི་འདེབས་འཛུགས་དུད་ཚང་470ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་3200ལྷག་ཙམ་བྱུང་ཡོད། དེ་སྔ་འབྲི་གཡག་ལ་སྟེར་བའི“སྔོ་གཟན”དེ་ད་ཆ་མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་མཆོག་ནོར་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད། (དཀོན་སྒྲོལ་གྱིས་བསྒྱུར། པ་ཚེས་ཞུས)