《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月29日

ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་26ཉིན་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཉེ་དུས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། དེ་བས་ལེགས་པའི་འཕེལ་རྒྱས་ཁོར་ཡུག་བཏོད་ནས་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་གནང་བ་རེད། ཁོང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། “གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས་”མཐའ་འཁྱོངས་བྱེད་པ། དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་མངོན་གསལ་དོད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པ། ཁེ་ལས་ལ་ཕན་འདོགས་པའི་སྲིད་ཇུས་ལག་བསྟར་བྱེད་པ། འཕེལ་རྒྱས་ལ་ཞབས་འདེགས་ཞུ་མཁན་གྱི་ཞབས་ཞུ་བ་ཡག་པོ་ཞིག་བྱེད་པ། ཁྲོམ་རའི་ཁོར་ཡུག་དང་། སྲིད་ཇུས་ཀྱི་ཁོར་ཡུག དངུལ་རྩའི་ཁོར་ཡུག འཕེལ་རྒྱས་ཀྱི་ཁོར་ཡུག་བཅས་བཟང་པོ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། (པར་ངོས་གསུམ་པར་གཟིགས)

(པར་ངོས་དང་པོར་མཐུད) རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་དགོས་ཞེས་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དེ་བས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཏོད་དེ་དམངས་གཉེར་ཁེ་ལས་ཀྱི་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། ཁ་ཚ་དགོས་གཏུགས་ཀྱི་བསམ་པ་བཅས་ཟབ་ཏུ་གཏོང་བ་དང་སྲིད་ཇུས་དོན་འཁྱོལ་དམ་འཛིན་ནན་པོ་བྱས་ནས་ཁེ་ལས་ཀྱི་གསོན་ཤུགས་མུ་མཐུད་འཕེལ་བ་དང་ཁེ་ལས་ཀྱི་ཡིད་ཆེས་བརྟན་དུ་གཏོང་དགོས་པ་དང་། “ཕན་འདོགས་པ་དྲུག”གི་བླང་བྱ་མཐའ་འཁྱོངས་བྱས་ཏེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཁག་བཟོ་བ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཅིག་ནས་གཞུང་དྲང་དྲང་བདེན་གྱི་ཁྲོམ་རའི་ཁོར་ཡུག་བཏོད་ནས་དམངས་གཉེར་ཁེ་ལས་ཁྲོམ་རའི་འགྲན་རྩོད་ནང་ཞུགས་རྒྱུར་ཚོད་འཛིན་བཟོ་བའི་སྲིད་ཇུས་ཀྱི་འགོག་རྐྱེན་དང་མངོན་མེད་བཀག་རྒྱ་སྣ་ཚོགས་མཐའ་གཅིག་ཏུ་མེད་པར་བཟོས་ཏེ། དམངས་གཉེར་ཁེ་ལས་ཀྱིས་ཁྲིམས་ལྟར་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་ངང་སྤྱོད་པ་དང་། ཡོངས་བསྒྲགས་དང་དྲང་གཞག་ངང་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོབ་འདྲ་མཉམ་ཐོབ་པ་བཅས་འགན་སྲུང་ཏན་ཏིག་བྱ་རྒྱུར་ཕན་འདོགས་པ་དང་། གཉིས་ནས་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་དང་དམངས་གཉེར་ཁེ་ལས་མཁས་ཅན་སྐྱོན་བྲལ་ངང་འཚར་ལོངས་ཡོང་བ་བྱས་ཏེ། དམངས་གཉེར་ཁེ་ལས་མཁས་ཅན་གྱིས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བར་ཁྲིད་སྟོན་བྱ་རྒྱུར་ཕན་འདོགས་པ། གསུམ་ནས་དམངས་གཉེར་ཁེ་ལས་ཀྱིས་དངོས་ཚན་དཔལ་འབྱོར་ལ་དམིགས་རྒྱུར་ཁྲིད་སྟོན་དང་། ནོར་ཁྲལ་དང་དངུལ་རྩ་སོགས་ཀྱིས་དངོས་གཉེར་དམངས་གཉེར་ཁེ་ལས་ལ་ཕྱོགས་པ་དང་། དམངས་གཉེར་ཁེ་ལས་ཀྱིས་དངོས་གཉེར་ལས་དོན་ལ་དམ་འཛིན་དང་ལས་སྒོ་གཙོ་བོ་སྟོབས་ཆེར་གཏོང་རྒྱུར་ཁྲིད་སྟོན་བྱ་རྒྱུར་ཕན་འདོགས་པ། བཞི་ནས་ལས་ཞུགས་ལ་སྐུལ་འདེད་བཏང་ནས་དམངས་གཉེར་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་དམངས་གཉེར་ཁེ་ལས་ཀྱི་ལས་ཞུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་ཁེ་ལས་ནང་ཧུར་ཐག་བསྡུ་བ། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུར་ཕན་འདོགས་པ། ལྔ་ནས་དམངས་གཉེར་ཁེ་ལས་ཀྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། “དམིགས་བསལ”དང“ཁྱད་ལྡན”ཐད་འབད་བརྩོན་བྱེད་པ་དང་། ཚད་ལྡན་ཅན་གྱི་འཛུགས་སྐྱོང་དང་ལྟེ་བའི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགག་རྩར་བྱས་ནས་རང་ལྗོངས་ཀྱི“ཐོན་ལས་ཆེན་པོ་བདུན”གཞི་ཁྱོན་ལྡན་པ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུར་ཕན་འདོགས་པ། དྲུག་ནས་དམངས་གཉེར་ཁེ་ལས་མཁས་ཅན་གྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ་དང་། བསམ་འཆར་འདོན་པའི་ལམ་བུ་ཤར་བགྲོད་ཐུབ་པ་དང་། བཅའ་ཁྲིམས་ཀྱི་འགན་ལེན་མཁོ་འདོན། ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་མཁན་གྱི་ཞབས་ཞུ་བ་ཡག་པོ་ཞིག་བྱ་རྒྱུར་ཕན་འདོགས་པ་བཅས་ཀྱི་ནན་བཤད་གནང་བ་རེད།