《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

༄༅།།དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས།

སྤེན་ཚེ་གཞོན་པ།

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

ཆུ་གཙང་པོ་གཉིས་ལ་སྲུང་སྐྱོང་དགོས། །

ཆུ་གཙང་པོ་གཉིས་པོ་སྐམ་སོང་ན། །

ངེད་སྐྱེ་དངོས་སེམས་ཅན་ཇི་ལྟར་འཚོ། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

རྩྭ་རྩི་ཤིང་གཉིས་ལ་བདག་སྐྱོང་དགོས། །

རྩྭ་རྩི་ཤིང་གཉིས་པོ་བཅད་དྲགས་ན། །

ལ་ལུང་པ་ཐལ་རླུང་དྲག་པོས་ཁེངས། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

གང་སྣོད་བཅུད་འཇིག་རྟེན་སྲུང་སྐྱོབ་དགོས། །

མི་ཚང་མས་གཏོར་བཤིག་བཏང་དྲགས་ན། །

ས་གཡོ་ཞིང་ཆུ་རུད་གནོད་འཚེས་ཉེན། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

ཟོག་སེམས་ཅན་ང་ཚོའི་ཕ་མ་རེད། །

བྱམས་སྙིང་རྗེས་ལེགས་པར་མ་བསྐྱངས་ན། །

ཤ་འོ་མའི་ལོངས་སྤྱོད་གང་ནས་འཚོལ། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

ནང་ཕུ་ནུ་ཕན་ཚུན་བརྩི་ཞིང་བཀུར། །

འདང་བརྩེ་བ་ཟབ་མོས་སྐྱོང་ནུས་ན། །

སྐྱིད་འཚོ་བ་ལྷ་དང་མཉམ་ཞེས་གསུངས། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

གཏམ་གང་བཤད་གཞན་ལ་བསྟུན་ཏེ་ཤོད། །

ཟས་གང་ཟས་ཕོ་བས་འཇུ་ཚོད་ཟོ། །

དོན་གང་ཡང་རྒྱུན་དུ་བརྟགས་ནས་སྒྲུབས། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

ཁྲེལ་ངོ་ཚའི་གཡང་ཆས་རྒྱུན་དུ་གྱོན། །

ལས་རྒྱུ་འབྲས་མེ་ལོང་གཙུག་ཏུ་བསྟེན། །

དུས་ནམ་ཡང་རང་སེམས་བྱི་དོར་བྱོས། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

རང་རྟོགས་པ་ལྷ་དང་མཉམ་གྱུར་ཀྱང་། །

ལས་སྤྱོད་པ་མི་དང་མཐུན་དགོས་པས། །

ནམ་ཡིན་རུང་ཉམ་ཆུང་དམན་ས་བཟུང། །

དྲིན་ཕ་མའི་ཞལ་ནས་འདི་སྐད་ཐོས། །

དལ་འབྱོར་གྱི་ལུས་རྟེན་ཐོབ་དཀའ་བས། །

ཡུན་ཐུང་གི་མི་ཚེ་དོན་ཡོད་ཀྱིས། །

ལག་རྗེས་ཤིག་འཇོག་ལ་ཅིས་ཀྱང་འབུངས། །