《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

༄ རེ་སྒུག་ཁྲོད་ཀྱི་ལོ་ཟླ་།

རྣམ་གླིང་རིན་ཆེན།

ཁང་མིག་གཅིག་ལས་མེད་པའི་མལ་ཁང་དེའི་ནང་ཁོ་མོའི་ངོས་ནས་བརྗོད་ན་ཆེས་རྩ་ཆེ་བ་ནི་རིན་ཐང་བྲལ་བའི་གསེར་དངུལ་ཟངས་ལྕགས་ཀྱི་རྒྱུ་ནོར་དག་མ་ཡིན་པར། རྙིང་ཞིང་གོག་པའི་གྱང་ངོས་ཀྱི་འདྲ་པར་དེ་རེད། འདྲ་པར་དེ་ནི་ཁོ་མོ་ད་བར་དུ་འཚོ་གནས་བྱེད་པའི་སྒུལ་ཤུགས་གཅིག་པུ་དང་། ཁོ་མོ་མུ་མཐུད་འཚོ་གནས་བྱེད་པའི་དམིགས་འབེན་གཅིག་པུ་དེའང་རེད།

ནམ་རྒྱུན། འདྲ་པར་དེ་ཁོ་མོའི་མིག་མདུན་དུ་་འཆར་ཐེངས་རེར། ཁོ་མོའི་སེམས་པ་གཤོག་ཐོགས་ཀྱི་རྟ་ཕོ་དང་འགྲོགས་ནས་ཧ་ཅང་རྒྱང་རིང་གི་ཕ་མཐར་ཆས་འགྲོ མོ་རང་ལ་ལས་ཀ་ལས་རྒྱུ་མེད་པའམ་ཡང་ན་ལས་ཀ་ལས་ཞོར་དུ་ཁོམ་པ་འདྲ་ཡོད་ཚེ། མོས་མྱུར་དུ་གྱང་ངོས་སུ་བཀལ་བའི་འདྲ་པར་གྱི་ཕྱོགས་སུ་མིག་འབུར་ཚུགས་སུ་ཅེར་ནས་བསྡད་དེ་དུས་ཡུན་ཇི་ཙམ་ཕར་ལ་འདས་པ་མོ་རང་ཉིད་ལའང་གསལ་ཆ་མེད། ཡང་གཅིག་བཤད་ན། ཉིན་ལྟར་དུས་ཚོད་སྟོང་པ་འདྲ་ཡོད་ཚེ་འདྲ་པར་ལ་ཅེར་ནས་མནོ་བསམ་གཏོང་རྒྱུ་ནི་ཁོ་མོའི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ཟིན། འདྲ་པར་དེ་ནི་ལྷ་བླ་མའི་སྐུ་བརྙན་དང་ལྷ་བཟོ་བ་ཚོའི་པིར་རྩལ་ལས་ཐོན་པའི་སྒྱུ་རྩལ་གྱི་ཐོན་རྫས་གང་ཡང་མ་ཡིན་པར་སྐྱེས་པ་ཞིག་གི་འདྲ་པར་རེད། མགོ་སྐྲ་ཡོངས་རྫོགས་དཀར་པོ་ཆགས་ཤིང་། བཞིན་མདངས་སྐྱ་བོར་གྱུར་པའི་སྐྱེས་པ་ཞིག་གི་འདྲ་པར་རེད།

དགུན་ཁའི་དུས་ཚིགས་ཡོལ་ནས་དཔྱིད་ཀའི་དུས་ཚིགས་འཆར་ལ་ཉེ་བའི་མཚམས་དེར། བཀྲ་ཤིས་སྒང་གྲོང་ཚོའི་སྲང་ལམ་གྱི་ཁུགས་སོ་ཡོད་དོ་ཅོག་ནས་ཐལ་རླུང་ངར་མའི་རྡུལ་འཚུབ་གང་སར་གཡོ་བཞིན་ཡོད་ཅིང་། ཤར་ཕྱོགས་ནས་ལྡང་བའི་རླུང་བུ་དང་། ནུབ་ཕྱོགས་ནས་ལྡང་འོང་བའི་ཐལ་རླུང་གཉིས་ལྷན་དུ་འཕྲད་དུས་རྡུལ་གྱི་ཕུང་བོ་ཇི་སྙེད་ཅིག་ཡུག་གཅིག་ཏུ་བསྲེས་ཏེ་མཁའ་དབྱིངས་ཀྱི་དབུས་སུ་ལྡིང་འཁོར་རྒྱག་བཞིན་མཆིས། དེ་ནི་དགུན་ཁ་དང་དཔྱིད་ཀའི་དུས་ཚིགས་གཉིས་པོས་རྒྱལ་ཕམ་འབྱེད་པའི་གཡུལ་འགྱེད་ཅིག་དང་འདྲ་བར་གནས་དེའི་རོང་འབྲོག་མང་ཚོགས་ཚོའི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་ལ་བརྡབ་གསིག་ཡང་ཡང་བཟོས་འོང་། ཐལ་རླུང་བར་མེད་གཡུགས་པའི་དབང་གིས། གྲོང་ཚོའི་སྐྱེ་བོ་རྒན་གཞོན་ཚང་མ་རང་ཁྱིམ་གྱི་ཐབ་ཀའི་མདུན་དུ་ཙོག་པུར་སྡོད་པ་ལས་ཕྱི་རོལ་དུ་བཏོན་ནས་ཁ་བརྡ་བྱེད་མཁན་དང་། ཤོ་སྦག་རྒྱན་རྩེད་ལ་རོལ་མཁན་ཧ་ཅང་ཉུང་། ཁོ་མོའི་ངོས་ནས་བརྗོད་ན། ཁ་ཆར་བུ་ཡུག་འཚུབ་པའི་ནམ་ཟླ་དང་། ཐལ་རླུང་ངར་མོ་ལྡང་བའི་དུས་ཚིགས་ཅི་ཞིག་ཡིན་རུང་། དེ་དག་ལ་ཁྱད་པར་ཅི་ཡང་མི་སྣང་། གང་ལྟར་འདྲ་པར་ངོས་ཀྱི་སྐྱེས་པ་དེ་དང་ལྷན་དུ་འགྲོགས་པའི་གོ་སྐབས་མེད་ན། ཁོ་མོའི་ཀླད་པའི་སྦུབས་སུ་བདེ་སྐྱིད་ཅེས་པའི་ཐ་སྙད་དེ་ལ་རོ་བཅུད་གཏན་ནས་མེད།

ཁོ་མོས་སྐྱེས་པ་དེ་སྒུག་སྒུགས་ནས་ད་བར་དུ་ལོ་ངོ་ཇི་ཙམ་འདས་ཟིན་པ་མོ་རང་ཉིད་ལའང་གསལ་ཆ་མི་འདུག འོན་ཀྱང་། མོས་སྐྱེས་པ་དེའི་འདྲ་པར་མིག་ལམ་དུ་འཆར་ཐེངས་རེར། འདས་པའི་དུས་ཀྱི་གནས་ཚུལ་རྣམས་མོའི་ཡིད་ཀྱི་མེ་ལོང་ངོས་སུ་གློག་བརྙན་ཇི་བཞིན་གསལ་ལེར་འཆར་ངེས་ཤིང་། གཏམ་རྒྱུད་དག་དྲན་ཐེངས་རེར། མོའི་སྙིང་ལ་འབར་གས་བྱུང་བ་ལྟ་བུའི་ན་ཟུག་ཅིག་ཐོལ་གྱིས་ལྡང་འོང་། གལ་ཏེ་འཇིག་རྟེན་འདིར་སྡུག་བསྔལ་གྱི་མིག་ཆུ་ཟེར་བ་དེ་བཏང་ནས་རྫོགས་རྒྱུ་ཡོད་པ་ཞིག་ཡིན་ན་མོའི་མིག་ཆུ་སྔ་མོ་ནས་བསྐམས་ཟིན། ལྷག་པར་དུ། རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་མོས“ཨ་མ། ངའི་ཨ་ཕ་སུ་ཡིན། ངའི་ཨ་ཕ་གང་དུ་ཡོད”ཅེས་རང་གི་ཨ་ཕའི་སྐོར་འདྲི་སྐབས། མོའི་སེམས་པར་སྨྲ་དཀའ་བའི་ཚོར་བ་སྐྱུར་མོ་ཞིག་གིས་ཡོངས་སུ་འཁྲིལ་ཡོང་མོད། མོས་སྔར་རྒྱུན་བཞིན་ནུས་ཤུགས་ཡོད་རྒུས་གདོང་ནས་འཛུམ་མདངས་ཤིག་ཕྱིར་ཕྱུངས་ཐབས་བྱས་ཏེ“རང་གི་ཨ་ཕ་རྒྱང་རིང་གི་ས་ཆ་ཞིག་ཏུ་ཡོང་འབབ་གསོག་པར་ཕྱིན་པ་རེད། མི་རིང་བར། ཨ་ཕས་ཁྱོད་ལ་རྔན་པ་དང་རྩེད་ཆས་མང་དག་ཅིག་བསྣམས་ནས་ཕྱིར་ལོག་ཡོང་ངེས”ཞེས་བརྗོད་པར་བྱེད་པས། བུ་མོའི་ངོ་གདོང་ནས་ཀྱང་ཡིད་ཚིམས་པའི་དགའ་སྤྲོའི་འཛུམ་ཞིག་ཕྱིར་མངོན་འོང་།

མོས་རང་གི་ཁྱོ་ག་ད་ཆ་ས་ཆ་གང་འདྲ་ཞིག་ཏུ་འཚོ་གནས་བྱེད་མིན་དང་། ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་མེད། གཟུགས་པོ་ཐང་ཐང་ཡིན་མིན་སོགས་གཏན་ནས་མི་ཤེས། ཁྱོ་ག་ཕྱིན་ནས་ད་བར་དུ་ལོ་ངོ་བཅུ་ལྷག་འདས་ཟིན་མོད། ལོ་ངོ་བཅུའི་ནང་ཁྱོ་གས་རང་ཉིད་ལ་ཡི་གེ་ཐེངས་གཅིག་ལས་བསྐུར་མ་མྱོང་། ཡི་གེའི་ནང་འདི་ལྟར་བྲིས་ཡོད་དེ།

“ངའི་སྙིང་གི་ཕྱེད་ཀ་ལྟ་བུའི་རྒྱང་རིང་གི་སྙིང་སྡུག་མ། དབྱར་དགུན་སྟོན་དཔྱིད་ཀྱི་ལོ་ཟླའི་འཁོར་འགྲོས་ནང་ངས་རྟག་ཏུ་ཁྱེད་རང་སེམས་དཀྱིལ་དུ་བཞག་ནས། ཁྱེད་ཀྱི་སྐམ་ཞིང་རིད་པའི་ངོ་གདོང་དང་། ལྡེམ་ཞིང་འཁྱུག་པའི་གཟུགས་བྱད། ད་དུང་བྱམས་བརྩེའི་འོད་མདངས་ཕྱོགས་བཅུར་འཕྲོ་བའི་ཁྱེད་ཀྱི་མིག་ཟུང་སོགས་དུས་ད་ལྟའང་ངའི་མིག་ལམ་དུ་དལ་གྱིས་རྒྱུ། སྐྱེ་བ་འདིར་ཁྱེད་དང་ཚེ་གང་གཏན་གྲོགས་སུ་གྱུར་བས། ངས་དུས་རྟག་ཏུ་རང་ཉིད་ནི་མི་བསོད་ནམས་ཅན་ཞིག་རེད་ཨང་སྙམ་གྱིན་ཡོད། ང་རང་ས་ཕྱོགས་གང་ཞིག་ཏུ་སླེབས་ཀྱང་། ཁྱེད་ཁོ་ན་ངའི་སེམས་ཀྱི་ལམ་སྟོན་སྒྲོན་མེ་དང་། ངའི་དྲན་གདུང་གི་ཕྱིར་མིག་འཕེན་ཡུལ་ཡིན། ངས་མུ་མཐུད་དེ་དཀའ་ཚེགས་མཐའ་དག་ཕ་མཐར་སྤྱུགས་ནས། ཁྱེད་ཀྱི་གམ་དུ་ལོག་ཡོང་ངེས། ངེད་གཉིས་པོའི་དྲོ་སྐྱིད་ལྡན་པའི་གཞིས་ཁྱིམ་དེར་ཕྱིར་ལོག་བྱ་ངེས། ཁྱེད་ཀྱིས་ང་ཕྱིར་ལོག་རྒྱུར་སྒུགས་ནས་སྡོད་ཨང་། སྐབས་དེ་དུས། ངས་ཀྱང་ཁྱེད་ལ་གཞན་ལས་ལྷག་པའི་བརྩེ་དུང་བཅངས་ཏེ། ཁྱེད་ལ་བདེ་སྐྱིད་སྦྱིན་ངེས། ཁྱེད་ཀྱིས་རང་ཉིད་ཀྱི་གཟུགས་པོར་གཅེས་སྤྲས་གང་ལེགས་བྱས་ཏེ། ང་ཕྱིར་ལོག་རྒྱུར་སྒུགས་ཨང་། ད་དུང་ངེད་གཉིས་པོའི་བུ་མོ་ལོ་ན་ཆུང་བས། ཁྱེད་ཀྱིས་སེམས་ཁུར་མང་ཙམ་གནོངས”

མོས་དུས་ད་ལྟའང་ཁྱོ་གས་བསྐུར་བའི་འཕྲིན་ཡིག་ནང་གི་ཡིག་འབྲུ་རེ་རེ་སེམས་ལ་རྡོ་བརྐོས་རི་མོ་ཇི་བཞིན་གསལ་པོར་ངེས་འདུག དུས་ཡུན་ཇི་ཙམ་སྒུག་དགོས་བྱུང་ཡང་། མོས་རང་ཉིད་ཀྱི་ཁྱོ་ག་ཕྱིར་ལོག་ཡོང་རྒྱུར་རེ་སྒུག་བྱེད་པའི་བློ་སེམས་ལ་འགྱུར་བ་ག་ལ་འབྱུང་སྲིད།

“ཏག ཏག”ཁྱིམ་གྱི་སྒོ་བརྡུངས་བྱུང་། དུས་ཚོད་འཕྱི་པོ་དེ་འདྲར་སྒོ་རྡུང་མཁན་དེ་སུ་ཡིན། གཅིག་བྱས་ན་རང་ཉིད་ཀྱི་ཁྱོ་ག་ཡིན་སྲིད། མོས་དེ་ལྟར་རེ་བ་ཆེན་པོ་བཅངས་ཏེ། སྒོ་རྡུང་མཁན་དེ་རང་གི་ཁྱོ་ག་ཡིན་ན་ཅི་མ་རུང་ཨང་སྙམ། མོས་དེ་འཕྲལ་གོམ་པ་མྱུར་མོར་སྤོས་ཏེ་སྒོ་ཕྱེ་བར་བརྩམས། འོན་ཀྱང་། སྒོ་འགྲམ་དུ་ལངས་ཡོད་པའི་མི་དེ་ནི་སྐྱེས་པ་ཞིག་ཡིན་ཡང་། རང་ཉིད་ཀྱི་ཁྱོ་ག་མ་རེད། མོའི་སེམས་ལ་ཕམ་སེམས་དྲག་པོ་སྐྱེས་ཏེ་མི་དེ་ལ་ཁ་བརྡའང་བྱ་འདོད་མེད་པར་གྱུར། ཞིབ་མོར་ལྟ་དུས། ཁོ་ནི་འཕྲིན་སྐྱེལ་བ་ཞིག་རེད་འདུག ཁོས་རང་གི་ཡིག་ཆ་དང་ཚགས་པར་བླུགས་པའི་ཁུག་མའི་ནང་ལག་པ་བཅུག་སྟེ། ཁྲག་གིས་སྦགས་པའི་འཕྲིན་ཡིག་ཅིག་ཕྱིར་བཏོན་ཏེ་མོ་ལ་སྤྲད། མོའི་སེམས་པ་དེ་འཕྲལ་བློང་བློང་པོར་གྱུར་སོང་། མོས་འཕྲིན་ཡིག་དེ་མྱུར་དུ་ཁ་ཕྱེ་ནས་ལྟ་དུས། འཕྲིན་ཡིག་དེ་ནི་རང་གི་ཁྱོ་གས་བསྐུར་འོངས་པ་ཞིག་ཡིན་པ་རྟོགས། མོས་དེ་འཕྲལ་རང་ཁྱིམ་གྱི་སྒོ་མོ་ཕྱིར་གཏན་ཏེ་འཕྲིན་ཡིག་དེར་ལྟ་འགོ་ཚུགས། འཕྲིན་ཡིག་དེའི་ནང་འདི་ལྟར་འཁོད་འདུག་སྟེ།

“སྙིང་ཉེ་བའི་བཟའ་ཟླ་དུང་ཟླ་སྐྱིད་ལགས། ངས་ཆེས་མཇུག་མཐར་ཁྱེད་ཀྱི་མིང་ནས་ཐེངས་གཅིག་འབོད་ཆོག་པར་ཞུ། ཁྱེད་ཀྱིས་འཕྲིན་ཡིག་དེ་ཀློག་པའི་དུས་སུ། ང་སྔ་མོ་ནས་འཇིག་རྟེན་འདི་དང་རྒྱང་དུ་གྱེས་ཟིན། སྔོན་ཆད། ངས་ཁྱོད་ལ་རྒྱུ་མཚན་ཅི་ཡང་མེད་པར་སྐྱོན་འཛུགས་དང་དམའ་འབེབས་བྱས་པར་དགོངས་སེལ་ཡོད་པ་མཁྱེན། དྲང་མོར་བཤད་ན། ངའི་སེམས་ལ་ཁྱེད་ནི་འཇིག་རྟེན་འདིའི་སྟེང་ཆེས་སྙིང་དུ་སྡུག་པའི་བུད་མེད་གཅིག་པུ་དེ་ཡིན། ངས་རང་ཉིད་ལ་ནམ་ཡང་བཅོས་ཐབས་བྲལ་བའི་ནད་གཞི་ལྕི་མོ་དེ་འདྲ་ཞིག་ཕོག་ཡོད་པ་ཤེས་པ་ནས་བཟུང་། ཉིན་ལྟར་ཁྱེད་ལ་དོན་མེད་ཀྱི་འཁང་ར་དང་སྡིགས་མོ་བྱས་པ་བགྲང་གིས་མི་ལངས། དེ་སྔོན་ངས་ཁྱེད་དང་ཁ་བྲལ་ནས་གློ་བུར་དུ་ས་ཆ་གཞན་དུ་ཕྱིན་པར་རྒྱུ་མཚན་མེད་པ་མ་ཡིན། ངས་རང་ཉིད་ཀྱི་ན་ཟུག་དེ་རང་ཉིད་ཁོ་ནས་ཁུར་ནས་འགྲོ་

བ་ལས། ཁྱེད་ལ་དཀའ་ཁག་བཟོ་བར་མི་འདོད། སྐབས་དེ་དུས། ངའང་ཁྱེད་དང་ལྷན་དུ་མཐའ་མཇུག་གི་མི་ཚེ་འདི་སྐྱེལ་འདོད་ཧ་ཅང་ཆེ་ཡང་། ངའི་ཚེ་སྲོག་ལ་རང་དབང་མི་འདུག ཁྱེད་ཀྱིས་ད་བར་ངའི་སླད་དུ་དཀའ་བ་མང་དག་ཅིག་ཁྱད་དུ་བསད་པས། ང་སྐྱེས་པ་ཞིག་གིས་ཁྱེད་ལ་ད་དུང་བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་དུ་བཅུག་ན་ག་ལ་འགྲིག ཁྱེད་རང་སེམས་སྡུག་གནང་མི་དགོས། ང་སོང་རྗེས་ཁྱེད་ཀྱིས་རང་གི་དགའ་སའི་སྐྱེས་པ་ཞིག་དང་མི་ཚེ་མཐའ་སྐྱེལ་གནང་རོགས། ཁྱེད་ཀྱིས་ཕ་མ་གཅིག་ལྕོགས་ཀྱི་ཚུལ་དུ་བུ་མོ་གསོ་སྐྱོང་གི་འགན་འཁྲི་ཕྲག་ཏུ་འཁུར་བས། ང་ངོ་མ་ཤིན་ཏུ་ནས་གནོང་འགྱོད་ཆེ། ལས་དང་དམ་ཚིག་མཐུན་ན། ཚེ་ཕྱི་མར་ངེད་གཉིས་པོ་ད་དུང་བཟའ་ཚང་དུ་གྱུར་བར་སྨོན། སྐབས་དེ་དུས་ངས་ཚེ་གཅིག་ལུས་གཅིག་གི་ལང་ཚོ་ཁྱེད་ལ་ཕུལ་ནས། ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ལ་ཁ་གསབ་བྱས་ཆོག་པར་ཞུ། བདེ་མོ་བྱོས། ང་ངོ་མ་ཁྱེད་དང་མི་ཚེ་མཐའ་སྐྱེལ་བྱེད་པའི་འདུན་པ་ཤིན་ཏུ་ཆེ་ཨང”

འཕྲིན་ཡིག་དེ་བཀླགས་གྲུབ་རྗེས། མོའི་མིག་ཟུང་རབ་རིབ་ཏུ་གྱུར་ཏེ་མིག་མདུན་གྱི་ཡོད་ཚད་མག་མོག་ཏུ་གྱུར་སོང་། མོས་ད་གཟོད་རང་ཉིད་ཀྱི་ཁྱོ་གས་སྔོན་ཆད་རང་དང་ཁ་བྲལ་ཏེ་ཕྱིར་བུད་པའི་རྒྱུ་རྐྱེན་རྟོགས་སོང་། མོས་སླར་ཡང་ཁྱོ་གའི་ལུས་ཀྱི་ཆ་བྱད་དང་། གདོང་གི་རྣམ་པ། དེ་བཞིན་སྔོན་ཆད་ཁྱོ་ག་དང་ལྷན་འདུག་ལྷན་གཤིབ་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དག་དྲན་འོང་། འོན་ཀྱང་། དུས་ད་ལྟའི་བར་དུའང་། མོས་སྔར་རྒྱུན་བཞིན་གྱང་ངོས་སུ་བཀལ་བའི་ཁྱོ་གའི་འདྲ་པར་ལ་ཅེར་ནས་ཁོ་ཕྱིར་ལོག་རྒྱུར་རེ་སྒུག་བྱེད་བཞིན་འདུག ཕལ་ཆེར་མི་ཚེ་འདིར་མོས་ཁྱོ་ག་དང་མི་ཚེ་མཐའ་སྐྱེལ་བྱེད་པའི་དམ་བཅའ་བརྗེད་མེད་པ་འདྲ། ཡང་གཅིག་བཤད་ན། གྱང་ངོས་སུ་བཀལ་བའི་ཁྱོ་གའི་འདྲ་པར་ལ་ཅེར་ནས་སྡོད་རྒྱུ་ནི་མོའི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཏུ་གྱུར་ནས། ནམ་ཡང་གོམས་ལོབས་སུ་སོང་ཡོད་པ་རེད་ཨང་།