《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2020年06月28日

ཁྲོན་བོད་ལམ་གྱི་ཉེན་སེལ་དཔའ་བོ་ལེང་མིང་ཝུའེ།

2000ལོའི་ཟླ་8ཚེས་14ཉིན་ཁྲོན་བོད་གཞུང་ལམ་རྒྱལ་མོ་རྔུལ་ཆུ་ནས་དཔའ་ཤོད་རྫོང་བར་གྱི་དུམ་བུར་རི་ཉིལ་ནས་གླིང་ཆུ་གཙང་པོ་འགག་སྟེ་ཆུ་ཁ་མྱུར་དུ་རྒྱས་པ་དང་འགྲིམ་འགྲུལ་འགག་སྟེ་ཡིད་འོང་དང་མེ་ཏོག་སོགས་གེགས་ཁུལ་དུ་གེགས་སེལ་དངོས་རྫས་དབོར་མཁན་མི་600ལྷག་ཙམ་དང་འཁོར་རིགས་39ཉེན་ཁར་གྱར་བ་དང་ཉེ་འགྲམ་གྱི་མང་ཚོགས་ཁྲི་10ལྷག་ཙམ་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཆེན་པོ་འཕྲད།

དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པར་ཉེན་སེལ་དང་ཤར་གཏོང་འགན་ལེན་བྱ་རྒྱུའི་བཀའ་འབྱོར་རྗེས་འཕྲལ་མར་འཕྲལ་སྒྲུབ་རུ་ཁག་གཉིས་སྒྲིག་འཛུགས་བྱས་ཏེ་གླིང་ཆུ་གཙང་པོའི་སྟོད་རྒྱུད་དང་སྨད་རྒྱུད་དུ་ཉེན་སེལ་དང་ཤར་གཏོང་འགན་ལེན་བྱེད་འགོ་ཚུགས། འཕྲུལ་ཆས་ཉམས་བཟོ་རུ་འབྲིང་གི་ས་འབུད་འཕྲུལ་འཁོར་གྱི་ཁ་ལོ་བ་ལེང་མིང་ཝུའེ་དང་འཐབ་གྲོགས་ཚོས་བསྟུད་མར་ཉེན་སེལ་ནང་ཐེངས་ཁ་ཤས་ཞུགས་རྗེས་ལུས་སྟེང་གི་ཐལ་རྡུལ་ཡང་འཕྱིད་ཁོམ་མེད་པར་སླར་ཡང་ཉེན་སེལ་འཕྲལ་སྒྲུབ་རུ་ཁག་ཏུ་ཞུགས། ཚེས་26ཉིན་གླིང་ཆུ་གཙང་འགྲམ་གྱི་ཉེན་སེལ་དུམ་བུར་སླར་ཡང་རི་ཉིལ་ནས་སྐད་ཅིག་ཉིད་དུ་གྲོག་རོང་དུ་ཡོད་པའི་ཨར་སྐྲུན་བྱ་ཡུལ་ཐལ་རྡུལ་གྱིས་ཁེངས་ཤིང་རེ་ཞིག་ལང་ལོང་དུ་རྒྱུག་པའི་གཙང་ཆུ་དང་རྦ་རླབས་དེ་དག་གཅན་གཟན་གཏུམ་པོ་ཞིག་དང་འདྲ་བར་ཉེན་སེལ་དྲག་ཆས་ཉེན་རྟོག་པའི་ཕྱོགས་སུ་རྒྱུག་ཉེན་ཁ་འཕྲད་སྐབས་ས་གནས་ས་ཐོག་གི་བཀོད་འདོམས་པས་མདུན་ཕྱོགས་སུ་ལས་ཀ་བྱེད་བཞིན་པའི་ལེང་མིང་ཝུའེ་ལ་འཕྲལ་མར་འཕྲུལ་འཁོར་དོར་ནས་དེ་ནས་ཁ་བྲལ་དགོས་ཞེས་སྐད་ཤུགས་ཆེན་པོས་འབོད། སྐབས་དེ་དུས་ལེང་མིང་ཝུའེ་ཡིས་འཕྲུལ་འཁོར་ལས་བབས་ཚེ་སྲོག་ཉེན་ལས་ཐར་སྲིད་མོད། འོན་ཀྱང་རིན་ཐང་སྒོར་ཁྲི་76ཟིན་པའི་ས་འབུད་འཕྲུལ་འཁོར་སྲུང་སྐྱོང་བྱ་ཆེད་མི་སྒེར་གྱི་འཆི་གསོན་ལ་མི་འཛེམས་པར་བློ་ཐག་ཆོད་པོས་ས་འབུད་འཕྲུལ་འཁོར་བཏང་ནས་བདེ་འཇགས་ཁུལ་དུ་བསྐྱོད། ཨར་སྐྲུན་བྱ་ཡུལ་གྱི་ས་དབྱིབས་རྙོག་འཛིང་ཆེ་བ་དང་མིག་གིས་རབ་རིབ་ལས་མཐོང་གི་མེད་ལ་ལམ་དུམ་ཁ་ཤས་དྲག་ཏུ་རྒྱུག་པའི་གཙང་ཆུས་འཁྱེར་བ་དང་ས་འབུད་འཕྲུལ་འཁོར་གྱི་མདུན་ཕྱོགས་ལམ་བུ་གློ་བུར་དུ་རྡིབ་ནས་འདམ་རྡོའི་ཆུ་རུད་ཀྱི་ཤུགས་དྲག་ཆེན་པོའི་འོག་ཁ་ལོ་བ་ལེང་མིང་ཝུའེ་དང་ས་འབུད་འཕྲུལ་འཁོར་མཉམ་དུ་གཏིང་ཚད་སྨི་20ལྷག་ཙམ་ཡོད་པའི་གཙང་ཆུས་འཁྱེར་ནས་གཟི་བརྗིད་ངང་སྐུ་གཤེགས་པ་དང་ལོ་22ལས་སླེབས་མེད་པའི་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་བ་རེད།

གླིང་ཆུ་གཙང་པོའི་ངོགས་གཉིས་ཀྱི་མང་ཚོགས་ཀྱིས་གསལ་པོར་ངེས་པ་ཞིག་ནི། ལོ་དེའི་ཟླ་4ཚེས་9ཉིན་ཡིད་འོང་དུ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་རི་ཉིལ་བ་དང་ཆུ་ཡུར་འགག་ནས་འཁྱིལ་མཚོ་ཆེན་པོ་ཞིག་ཆགས་ཡོད། གཞུང་ལམ་སྤྱི་ལེ་16ཙམ་ཆུས་འཁྱེར་བ་དང་འགྲིམ་འགྲུལ་ཆད་དེ་བོད་རིགས་མང་ཚོགས་4000ལྷག་ཙམ་གྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་ཁ་ཆེན་པོ་འཕྲད། ལོ་ན་ཕྲ་བའི་འཐབ་འཛིང་པ་ལེང་མིང་ཝུའེ་ཡིས་དམག་དཔུང་སློབ་གྲྭར་རྒྱུགས་སྤྲོད་པའི་གོ་སྐབས་མཇུག་ཤོས་དེ་བློས་བཏང་ནས་རང་འགུལ་ངང་ཉེན་སེལ་འཕྲལ་སྒྲུབ་རུ་ཁག་ནང་ཞུགས་རྒྱུའི་རེ་ཞུ་ཕུལ། བཅའ་སྡོད་བྱ་ཡུལ་ནས་ཉེན་སེལ་བྱ་ཡུལ་བར་ས་འབུད་འཕྲུལ་འཁོར་བཏང་ནས་ཉུང་མཐར་ཡང་ཉིན་བཅུ་འགྲོ་དགོས་མོད། ཁོང་གིས་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ས་འབུད་འཕྲུལ་འཁོར་བཤིག་སྟེ་རླངས་འཁོར་ནང་བླུགས་ནས་འཁྱེར་བ་དང་ཉིན་གསུམ་ལས་མ་འགོར་བར་ཉེན་སེལ་བྱ་ཡུལ་དུ་སླེབས། ལེང་མིང་ཝུའེ་ཡིས་ས་འབུད་འཕྲུལ་འཁོར་བཏང་ནས་ཉེན་ཁ་ཧ་ཅང་ཆེ་བའི་རི་ཉིལ་ཁུལ་དུ་ཡུར་བུ་དྲུས་ཏེ་ཆུ་ལམ་བཤངས། དུས་ཡུན་ཟླ་བ་གཉིས་ལྷག་ཙམ་ནང་ཁོང་གིས་ཉིན་ལྟར་ལས་ཀ་ཆུ་ཚོད་བཅུ་དྲུག་བྱས་ཏེ་ས་རྡོ་རྒྱ་དཔངས་གྲུ་བཞི་ཁྲི་10ལྷག་ཙམ་བཤངས་པ་དང་། ཁོང་གི་མིག་ཟུང་དམར་རྐྱང་ཆགས་པ་དང་ལག་པར་ཆུ་ལྒང་ཆགས་པ། རྐང་པར་འབུས་སོ་བརྒྱབ་ནས་སྐྲངས་པ་མ་ཟད། རྐང་པ་གཡོན་མ་ས་འབུད་འཕྲུལ་འཁོར་གྱི་ལྕགས་ཐག་གིས་འདྲད་དེ་མཐེ་བོང་གི་སོར་མོ་གོག་ཀྱང་སྨན་བཅོས་སྟབས་བདེ་ཞིག་བྱས་རྗེས་མུ་མཐུད་ལས་ཀར་ཞུགས། 1999ལོའི་ཟླ་8པར་འདམ་རྡོའི་ཆུ་རུད་ཐོན་ནས་དཔའ་ཤོད་རྫོང་ཝ་མདའ་གྲོང་ཚོའི་ས་ཞིང་གཤིན་པོ་མུའུ་100ཙམ་ཆུས་འཁྱེར། དེ་གར་ཨར་སྐྲུན་བྱེད་བཞིན་པའི་ལེང་མིང་ཝུའེ་ཡིས་ཨ་མར་སྨན་བཅོས་བྱ་རྒྱུར་བསྐུར་རྩིས་ཡོད་པའི་དངུལ་སྒོར་680ཚང་མ་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞལ་འདེབས་བརྒྱབ། ལས་ཀའི་བར་གསེང་དུ་ལེང་མིང་ཝུའེ་ཡིས་ད་དུང་ཁོམ་པ་སྤྱད་དེ་ཉེ་འགྲམ་གྱི་གྲོང་ཚོར་བསྐྱོད་དེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འདམ་རྡོའི་ཆུ་རུད་གཤོང་བ་དང་ཆུས་འཁྱེར་བའི་ཞིང་ཁ་ཁོད་སྙོམས་རོགས་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཡོང་བར་རོགས་རམ་བྱས་ཡོད།

ལེང་མིང་ཝུའེ་ནི་སི་ཁྲོན་ཏ་ཀྲོའུ་ནས་ཡིན་པ་དང་། 1996ལོའི་ཟླ་12པར་དམག་ནང་ཞུགས། 1997ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ཤིང་། དམག་ནང་ཞུགས་པའི་ལོ་གསུམ་རིང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གནས་གཅེས་ལས་བཀུར་གྱིས་བོད་རིགས་ཀྱི་སློབ་ཤོར་བྱིས་པར་ཡུན་རིང་རོགས་རམ་བྱས་པ་དང་། ཁྲོན་བོད་ལམ་ཐིག་ཐོག་གི་ཉེན་སེལ་དང་ཤར་གཏོང་འགན་ལེན་བྱེད་རིམ་བཞིན་མདུན་དུ་མཆོང་ནས་རང་རྟོགས་ངང་འཐབ་འཛིང་པ་དཀྱུས་མ་ཞིག་གིས་ཏང་དང་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ལག་བསྟར་བྱས་ཡོད། ཁོང་གིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་བྱ་ཆེད་ལོ་ན་ཕྲ་བའི་ཚེ་སྲོག་སྐྱེས་སུ་ཕུལ་ནས་གུང་ཁྲན་ཏང་མིའི་ཞུམ་པ་མེད་པའི་དཔའ་བོའི་ཉམས་འགྱུར་དང་རང་སྲོག་བློས་བཏང་ནས་གཞན་གྱི་སྲོག་སྐྱོབ་པའི་བླ་ན་མེད་པའི་སྤྱོད་བཟང་མངོན་ཡོད། 2001ལོའི་ཟླ་1ཚེས་7ཉིན་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུའུ་ཡིས་ཁོང་ལ“ཁྲོན་བོད་ལམ་ཐིག་ཐོག་གི་ཉེན་སེལ་དཔའ་བོ”ཞེས་པའི་མཚན་སྙན་རྗེས་སྤྲོད་བྱས་པ་རེད།

(བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་དབང་སྒྲོལ་སྐྱིད་ཀྱིས་ཞུས)